དབྱིན་ཡུལ་སྐུ་ཚབ་དོན་གཅོད་མཆོག་གིས་ཧྥིན་ལེནྜ་དང་པོ་ལེནྜའི་ནང་བོད་དོན་སྐོར་བསྐྱོད་གནང་འདུག

དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ཀྱིས་ཟླ་དང་པོའི་ཚེས་༢༣ནས་༢༨བར་ཧྥིན་ལེནྜའི་རྒྱལ་ས་ཧེལ་སིངྐི་དང་། པོ་ལེནྜའི་རྒྱལ་ས་ཝར་སོ་རུ་ཆེད་ཕེབས་ཀྱིས་ཧྥིན་ལེནྜ་དང་པོ་ལེནྜའི་སྲིད་གཞུང་དང་ཚོགས་སྡེ་ཁག་ལ་བོད་མིའི་བདེན་པའི་འཐབ་རྩོད་ལ་སྔར་ལས་ལྷག་པའི་རྒྱབ་སྐྱོར་གནང་དགོས་པའི་རེ་སྐུལ་ཞུས་པ་དང་མཉམ། བོད་ནི་ལོ་རྒྱུས་ཐོག་ནམ་ཡང་རྒྱ་ནག་གི་ཆ་ཤས་ཆགས་མྱོང་མེད་པ་དང་། རྒྱ་ནག་དམར་ཤོག་གཞུང་ལ་སྤྱི་ནོར་༧གོང་ས་མཆོག་གི་མ་འོངས་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་ཐེ་བྱུས་བྱ་རྒྱུའི་ཐོབ་ཐང་མེད་པ། རྒྱ་ནག་གཞུང་གིས་བོད་ནང་ཁྲག་རིགས་རྒྱུད་རྫས་(DNA)་བསྡུ་རུབ་དང་། བོད་རྒྱ་མི་རིགས་ཕན་ཚུན་བར་གཉེན་སྒྲིག་བྱེད་དུ་བཅུག་ནས་བོད་རིགས་རྒྱ་མི་རིགས་སུ་བསྒྱུར་བཞིན་པ། བོད་མཐོ་སྒང་གི་ཁོར་ཡུག་གཏོར་བཤིག་ཚབས་ཆེན་གཏོང་བཞིན་པ་སོགས་ངོ་སྤྲོད་གནང་ཡོད་པ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིར་ངོ་སྤྲོད་གནང་བྱུང་།
སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ཀྱིས། ཧྥིན་ལེནྜའི་ཕྱི་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་དང་། གྲོས་ཚོགས་འཐུས་མི་ལྕམ་སྐུ་ཨེ་ཝ་(Eva Biaudet)་ལགས། བོད་དོན་རྒྱབ་སྐྱོར་བ་སོགས་དང་ལྷན་མཇལ་འཕྲད་གནང་སྟེ་ཧྥིན་ལེནྜའི་གཞུང་གི་ངོས་ནས་སྤྱི་ནོར་༧གོང་ས་མཆོག་གི་མ་འོངས་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་མང་ཚོགས་ལ་ཡོངས་གྲགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་དགོས་པ་དང་། ཨ་རིའི་གཞུང་གིས ༢༠༢༠ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་གཏན་འབེབས་གནང་བ་ལྟར་ཧྥིན་ལེནྜའི་གཞུང་གི་ངོས་ནས་ཀྱང་དེ་ལྟར་ཁྲིམས་ཤིག་གཏན་འབེབས་གནང་དགོས་པའི་རེ་སྐུལ་ཞུས་འདུག
པོ་ལེནྜའི་རྒྱལ་ས་ཝར་སོ་རུ་པོ་ལེནྜའི་གྲོས་ཚོགས་འཐུས་མི་མོ་ནི་ཀ་ལགས་ཀྱི་གཙོ་སྐྱོང་འོག་པོ་ལེནྜའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུར་མཉམ་ཞུགས་གནང་བ་མ་ཟད། པོ་ལེནྜའི་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་མེལ་གྷོར་ཛ་ཊ་མཆོག་དང་མཇལ་འཕྲད་གནང་འདུག
ཕྱོགས་མཚུངས་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ཀྱིས་པོ་ལེནྜ་བོད་རིགས་ཚོགས་པ་དང་། བོད་མིའི་སྨན་ཁང་། ཀརྨ་བདེ་ཆེན་ཆོས་གླིང་། ཧེལ་སིངྐི་འགྲོ་བ་མིའི་ཐོབ་ཐང་ཐེབས་རྩ་ཚོགས་པ་བཅས་ཀྱི་སྐུ་ཚབ་སོགས་དང་མཇལ་འཕྲད་གནང་ཡོད་འདུག དེ་ནས་ལོན་ཌོན་དུ་ཕྱིར་ཕེབས་རྗེས། འདི་ཚེས་༣༠ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་གཞུང་དོན་ཕྱོགས་བསྐྱོད་ཆེད་ཕེབས་འབྱོར་བྱུང་བར། དབྱིན་ཡུལ་སྐུ་ཚབ་དོན་གཅོད་དང་། དྲུང་ཆེ། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོས་དབུས་པའི་ཚོགས་མི་དང་ས་གནས་བོད་རིགས་རྣམས་ཀྱིས་ཕེབས་བསུ་གནང་འདུག དབྱིན་ཡུལ་དུ་སྲིད་སྐྱོང་མཆོག་ལ་ཟླ་༢ཚེས་༡ཉིན་བར་མཛད་འཆར་ཡོད་འདུག
གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།