བོད་དང་རྒྱ་གར་དབར་གྱི་ཚོང་འབྲེལ་འཕེལ་རྒྱས་གཏང་རྒྱུ།

བོད་དང་རྒྱ་གར་གཉིས་དབར་ས་མཚམས་ཕྱི་ནང་གི་ཚོང་འབྲེལ་ལྡབ་བཅུ་འཕེལ་རྒྱས་ཕྱིན་ཡོད་སྐོར་རྒྱ་ནག་གི་དཔོན་རིགས་ཀྱིས་བརྗོད་འདུག།

༄༅༎དེ་སྔོན་༢༠༠༦ལོར་རྒྱ་གར་གྱི་མངའ་སྡེ་འབྲས་ལྗོངས་ཁུལ་གྱི་རྣ་ཐོས་ལྭ་སྒོ་ཕྱེ་པ་ནས་བཟུང་བོད་དང་རྒྱ་གར་གཉིས་དབར་ས་མཚམས་ཕྱི་ནང་གི་ཚོང་འབྲེལ་ལྡབ་བཅུ་འཕེལ་རྒྱས་ཕྱིན་ཡོད་སྐོར་རྒྱ་ནག་གི་དཔོན་རིགས་ཅིག་གིས་བདུན་ཕྲག་འདིའི་ནང་བརྗོད་འདུག།

དེ་ཡང་རྒྱ་གར་གྱི་རྡ་ཧིན་རྡུ་ཞེས་པའི་གསར་ཤོག་ནང་ཁ་ས་གནས་ཚུལ་སྤེལ་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཟེར་བའི་ས་གནས་སྲིད་གཞུང་གིས་རྒྱ་གར་དང་བལ་ཡུལ་གཉིས་དབར་ས་ཐོག་ནས་ཚོང་འབྲེལ་བྱ་རྒྱུའི་ལས་གཞིའི་ཐོག་མ་རྩ་འཛུགས་འཇོག་མང་དུ་གཏོང་རྒྱུའི་འཆར་གཞི་གཏིང་བཞིན་ཡོད་པ་ལྟར། རྒྱ་ནག་ནུབ་ཕྱོགས་ཁུལ་ཤར་ཕྱོགས་དང་འདྲ་བའི་དཔལ་འབྱོར་གོང་འཕེལ་གཏོང་ཐབས་ཆེད་ཡིན་པ་རེད།

ད་ལོ་ཕྱི་ཟླ་བརྒྱད་པའི་བར་བོད་ཀྱི་ས་མཚམས་བརྒྱུད་ཚོང་འབྲེལ་བྱེད་ཚད་བརྒྱ་ཆ་༨༨ཕར་ཡོད་པ་དང༌། སྤྱིའི་ཚོང་འབྲེལ་ཡོང་འབབ་ཀྱི་བརྒྱ་ཆ་༩༥བལ་ཡུལ་མཉམ་ཚོང་འབྲེལ་བྱས་པ་ནས་བྱུང་ཡོད་པ་དང༌། དེའི་ལྷག་འཕྲོས་དེ་འབྲས་ལྗོངས་མཉམ་ཚོང་འབྲེལ་བྱས་པའི་ཡོང་འབབ་ཡིན་པ་རེད། སྤྱི་ཡོངས་ཀྱི་ཆ་ནས་༢༠༡༠ལོའི་ཕྱི་ཟླ་བརྒྱད་པའི་བར་བོད་ཀྱི་ས་མཚམས་ཚོང་འབྲེལ་ཡོང་འབབ་ཌོ་ལར་ས་ཡ་༢༥༤ཟིན་ཡོད་པ་རེད། བོད་རང་སྐྱོང་ལྗོངས་ཟེར་བའི་ས་གནས་ཚོང་ལས་སྡེ་ཚན་གྱི་དཔོན་རིགས་སུའུ་ཡོན་མིང་ཡིས་རྒྱ་ནག་གཞུང་འབྲེལ་ ཤིན་ཧྭ་གསར་ལས་ཁང་ལ། རང་སྐྱོང་ལྗོངས་སྲིད་གཞུང་གིས་ས་མཚམས་ཀྱི་ཚོང་འབྲེལ་གོང་འཕེལ་གཏོང་ཆེད་མ་འཛུགས་བྱ་རྒྱུ་ཡིན་པ་དང༌། རྒྱ་གར་དང་བལ་ཡུལ་མཉམ་བོད་རང་སྐྱོང་ལྗོངས་ཀྱི་ཚོང་འབྲེལ་གོང་འཕེལ་གཏོང་རྒྱུ་དེ་ནི་བོད་ཀྱི་དཔལ་འབྱོར་གོང་འཕེལ་སྤྱི་དང་ཡང་སྒོས་ཡར་རྒྱས་དམན་པའི་རྒྱ་ནག་གི་ནུབ་ཕྱོགས་མངའ་ཁུལ་དར་རྒྱས་གོང་འཕེལ་གཏོང་རྒྱུར་དགོས་ངེས་ཆེ་བའི་ཐབས་བྱུས་ཤིག་རེད་ཅེས་འགྲེལ་བརྗོད་བྱས་འདུག།

ཡང་རྒྱ་རིགས་སུའུ་ཡིས་བོད་རང་སྐྱོང་ལྗོངས་ཀྱིས་རྒྱ་གར་དང་བལ་ཡུལ་གཉིས་དབར་ས་མཚམས་་ཚོང་འབྲེལ་བྱེད་ཚད་ཤུགས་ཆེ་རུ་བཏང་བའི་རྗེས་བོད་ནང་མ་རྩ་འཛུགས་འཇོག་བྱེད་མཁན་ཚོང་པ་མང་དུ་ཕྱིན་ཡོད་པ་དང༌། ༢༠༠༩ལོར་བོད་དང་འབྲས་ལྗོངས་ཁུལ་གྱི་ས་མཚམས་དབར་གྱི་ཚོང་འབྲེལ་བྱེད་ཚད་ཌོ་ལར་ས་ཡ་༢དང་བཞི་འབུམ་བཞི་ཁྲི་བྱུང་ཡོད་པ་དེ་ནི་ ༢༠༠༦ལོར་རྣ་ཐོས་ལྭ་སྒོ་ཕྱེ་པ་ནས་བྱུང་བ་ཞིག་ཡིན་ལུགས་བརྗོད་བཞག།