བོད་ཀྱི་གནས་སྟངས་ལ་གཞིགས་རྒྱ་ནག་གི་ཡར་རྒྱས་འཛུགས་སྐྲུན་གྱི་སྲིད་ཇུས་ལ་ཡིད་ཆེས་བྱེད་མི་རུང་བ་གསལ་སྟོན།

2021.02.23
བོད་ཀྱི་གནས་སྟངས་ལ་གཞིགས་རྒྱ་ནག་གི་ཡར་རྒྱས་འཛུགས་སྐྲུན་གྱི་སྲིད་ཇུས་ལ་ཡིད་ཆེས་བྱེད་མི་རུང་བ་གསལ་སྟོན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གསར་འགོད་གསལ་བསྒྲགས་སྐབས། ༢།༢༣།༢༡
RFA/Dhasa

རྒྱ་ནག་གཞུང་གིས་བོད་ནང་འཛུགས་སྐྲུན་ཡར་རྒྱས་ཀྱི་ཐོབ་ཐང་བེད་སྤྱོད་ལོག་པར་བཏང་ནས་ཆབ་སྲིད་དང་། སྤྱི་དམངས། རིག་གཞུང་གི་གཞི་རྩའི་ཐོབ་ཐང་ཁག་རྡོག་རོལ་གཏོང་བཞིན་ཡོད་པའི་དཔྱད་ཞིབ་སྙན་ཐོ་ཞིག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བཏོན་འདུག
འདི་ཚེས་༢༣ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས། ཉེ་ལམ་༢༠༢༡ཟླ་༡ཚེས་༡༠ཉིན་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཡར་རྒྱས་ཐོག་རོག་འདེགས་གང་བྱས་ཀྱི་རྒྱབ་ཤ་དཀར་པོ་ཞིག་བཏོན་ཡོད་པ་དེའི་ནང་། བོད་ནང་འཛུགས་སྐྲུར་ཡར་རྒྱས་དང་འབྲེལ་ནས་འཛམ་གླིང་མི་མང་མགོ་སྐོར་གཏོང་ཆེད་དངོས་བདེན་མིན་གནས་ཚུལ་ཁག་ལ་ལན་འདེབས་ཆེད་དུ་དཔྱད་ཞིབ་སྙན་ཐོ་བཏོན་པ་དང་། སྙན་ཐོ་དེའི་ནང་། རྒྱ་ནག་གཞུང་གིས་བོད་ནང་འཛུགས་སྐྲུན་ཡར་རྒྱས་ཀྱི་ཐོབ་ཐང་ལ་ཁ་གཡར་ཏེ་འཛུགས་སྐྲུན་ལས་གཞི་ཁག་ཁྲིམས་ཡིག་དགོངས་དོན་ས་ནས་མི་མང་གི་དགོས་མཁོ་དང་། མངོན་འདོད་ལྟར་མ་ཡིན་པར་ལག་བསྟར་བྱས་ཏེ་བོད་མིའི་ཆབ་སྲིད་དང་། སྤྱི་དམངས། རིག་གཞུང་གི་གཞི་རྩའི་འགྲོ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་པ་དེ་གསལ་སྟོན་བྱས་ཡོད་པ་འགྲེལ་བརྗོད་གནང་སོང་།
ཕྱི་ལོ་༡༩༨༦ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛུགས་སྐྲུན་ཡར་རྒྱས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཟིན་ཡོད་པ་མ་ཟད། ༡༩༩༣ལོར་ཨོ་སི་ཀྲིཡའི་རྒྱལ་ས་ཝི་ཡ་ནའི་ཚོགས་འདུའི་ཐོག་འཛུགས་སྐྲུན་ཡར་རྒྱས་འདི་འགྲོ་བ་མིའི་ཐོབ་ཐང་ཡིན་པ་གསལ་སྟོན་བྱས་ཡོད་པ་མ་ཟད། ཡར་རྒྱས་འཛུགས་སྐྲུན་གྱི་ལས་གཞི་སྤེལ་སྐབས་སྤྱི་དམངས་དང་ཆབ་སྲིད་ཀྱི་ཐོབ་ཐང་ངེས་པར་དུ་སྲུང་བརྩི་བྱེད་དགོས་པ་གསལ་སྟོན་གནང་ཡོད་ཀྱང་། རྒྱ་ནག་གཞུང་གིས་བོད་ནང་དེ་ལྟར་བརྩི་མེད་ཀྱིས་གཏེར་ཁ་སྔོན་འདོན་དང་། ཆུ་རགས་རྒྱབ་པ་སོགས་ལས་གཞིར་བོད་མིས་ངོ་རྒོལ་བྱས་པར་གང་བྱུང་འཇུ་བཟུང་དང་བཙོན་མཇུག་གིས་ཁྲིམས་ཐག་བཅད་སོགས་ལག་བསྟར་མུ་མཐུད་དུ་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་སོང་།
སྙན་ཐོ་དེའི་ནང་འགྲོ་བ་མིའི་ཚོགས་སྡེ་ཁག་ལ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་ཐད་རྒྱབ་སྐྱོར་དགོས་པ་དང་། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ལ་རྒྱ་ནག་གཞུང་གི་བརྒྱུད་ཅིག་ལམ་གཅིག་ལས་གཞིའི་ཐོག་ནས་ཡར་རྒྱས་གཏོང་རྒྱུའི་ཁས་ལེན་བྱས་པ་དེར། མགོ་སྐོར་ཐེབས་ཏེ་བོད་ལྟ་བུ་ཆགས་སྲིད་པའི་བརྡ་ལན་སྤྲད་ཡོད་པ་མ་ཟད། རྒྱ་ནག་གཞུང་ལ་བོད་ནང་ཁོར་ཡུག་གཏོར་གཤིག་དང་གཏེར་ཁ་སྔོག་འདོན་རིགས་མཚམས་འཇོག་དགོས་པ་དང་། བོད་མིའི་ས་ཆའི་བདག་དབང་བོད་མིར་ཡོད་པ་ངོས་འཛིན་དགོས་པའི་སྐུལ་མ་བྱས་ཡོད་པ་གསུང་གནང་གི་འདུག
ཕྱི་ལོ་༢༠༡༩ལོར་འདི་ག་རླུང་འཕྲིན་ཁང་ལ་བོད་ནང་གནས་སྡོད་མིང་འབོད་མེད་པ་ཞིག་གིས་ངོ་སྤྲོད་གནང་བའི་ནང་། རྒྱ་ནག་གཞུང་གིས་བོད་ནང་ལ་དཔལ་འབྱོར་དང་བོད་མིའི་གནས་སྟངས་སོགས་ཡར་རྒྱས་བཏང་ཡོད་པའི་སྐོར་ཐབས་ལམ་འདྲ་མིན་གྱི་ཐོག་ནས་འཛམ་གླིང་མི་མང་ལ་བཤད་ཀྱི་ཡོད་པ་རེད། འོན་ཀྱང། བོད་ནང་ལ་རྒྱ་ནག་གཞུང་གིས་འཛུགས་བསྐྲུན་དང་། འཕྲུལ་ཆའི་རིགས་མང་པོ་ཞིག་གསར་དུ་བཟོ་བསྐྲུན་བྱེད་བཞིན་ཡོད་པར་བརྟེན། བོད་ཀྱི་ཞིང་འབྲོག་མི་མང་རྣམས་ཀྱི་སྲོལ་རྒྱུན་གྱི་ལམ་ལུགས་དང་། རིག་གཞུང་སོགས་རྩ་བརླག་ཏུ་འགྲོ་བའི་ཉེན་ཚབས་ཆེ་རུ་སོང་ཡོད་པ་གསལ་པོ་རེད་འདུག རྒྱ་ནག་གཞུང་གི་སྲིད་བྱུས་འོག་བོད་ཀྱི་ཞིང་འབྲོག་རྣམས་ཀྱི་སྲོལ་རྒྱུན་གྱི་འཚོ་བ་རྩ་བརླག་ཏུ་འགྲོ་བའི་ཉེན་ཚབས་ཆེ་རུ་ཕྱིན་ཡོད་པ་འགྲེལ་བརྗོད་གནང་ཡོད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎