བསྟན་འཛིན་བཙོན་འགྲུས་ལགས་ཀྱིས་བོད་སྐོར་གསུང་བཤད།
2008.11.08
༄༅༎རྒྱ་གར་བོད་ཀྱི་གྲོགས་པོའི་ཚོགས་པའི་དྲུང་ཆེ་བསྟན་འཛིན་བཙོན་འགྲུས་ལགས་ཀྱིས་འདི་ཟླའི་ཚེས་བཅུ་གསུམ་ནས་བཅོ་ལྔ་བར་ཉིན་གསུམ་རིང་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་ཆེན་པོ་སྦེང་ལཱོར་ནང་བོད་སྐོར་གསུང་བཤད་རིམ་པ་འགའ་ཤས་གནང་འཆར་འདུག
འདི་ཟླའི་ཚེས་བཅུ་གསུམ་ཉིན་བསྟན་འཛིན་བཙོན་འགྲུས་ལགས་ཀྱིས་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་རྗེས་སུ་བོད་དོན་ལས་འགུལ་གྱི་གནས་སྟངས་དང་ཉེ་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་དོན་དང་འབྲེལ་ཡོད་སྐོར་གལ་ཆེའི་བཀའ་སློབ་བསྩལ་བ་སོགས་ཀྱི་ཐད་གྲོང་ཁྱེར་སྦེང་ལཱོར་གྱི་ཨོལ་ཀྲ་ནེ་ཀྲིལྦ་ལོ་ཕོ་རཱམ་ཞེས་པར་དགོང་དྲོའི་ཕྱག་ཚེས་དྲུག་པའི་ཐོག་གསུང་བཤད་གནང་རྒྱུ་དང་དེ་གོ་སྒྲིག་ཞུ་མཁན་ཡང་ཨོལ་ཀྲ་ནེ་ཀྲིལྦ་ལོ་ཕོ་རཱམ་ཞེས་པའི་ཁྲིམས་ལུགས་ལྟེ་གནས་དེ་ཡིན་པ་རེད། དེ་ནས་ཕྱི་ཚེས་བཅུ་བཞི་དགོང་དྲོའི་ཕྱག་ཚོད་དྲུག་པའི་ཐོག་བསྟན་འཛིན་བཙོན་འགྲུས་ལགས་ཀྱིས་གྲོང་ཁྱེར་འདིའི་ནང་ཡོད་པའི་བུ་ཁྱིམ་སྡོད་ཁང་དུ་མཐོ་སློབ་ཁག་ནང་བསྐྱོད་བཞིན་པའི་བོད་པའི་སློབ་ཕྲུག་རྣམས་ལ་གོང་ཞུས་བརྗོད་གཞིའི་སྐོར་གསུང་བཤད་གནང་རྒྱུ་ཡིན་པ་དང་བཀའ་སློབ་དེ་གོ་སྒྲིག་ཞུ་མཁན་ནི་བོད་བསམ་ཞེས་པའི་ཚོགས་པ་ཡིན་པ་རེད། ཕྱི་ཚེས་བཅོ་ལྔ་ཉིན་རྒྱ་གར་བོད་ཀྱི་གྲོགས་པོ་ཚོགས་པ་དང་བོད་བསམ་ཞེས་པའི་ཚོགས་པ་གཉིས་ཟུང་འབྲེལ་སྒོ་ནས་བོད་སྐོར་ང་ཚོའི་སེམས་ནང་ཡོད་པའི་བོད་ཅེས་པའི་བརྙན་པར་ཞིག་བུ་ཁྱིམ་སྡོད་ཁང་ནང་སྟོན་འཆར་ཡོད་པ་དང་བརྙན་པར་དེ་ནི་བོད་ནང་ལན་མང་ཕེབས་མྱོང་ཡོད་པའི་རྒྱ་གར་བ་ལྦི་ཇེ་ཀིརིཤ་ན་ཞུ་བས་བཟོ་བསྐྲུན་གནང་བ་ཞིག་ཡིན་འདུག བསྟན་འཛིན་བཙོན་འགྲུས་ལགས་ནི་སྙན་ངག་རྩོམ་པ་པོ་ཞིག་དང་རྩོམ་བྲིས་པ།དེ་བཞིན་བོད་རང་བཙན་ཆེད་ལོ་མང་རིང་ཕྱག་ལས་གནང་མཁན་ཞིག་དང་ཕྱི་ལོ་༡༩༩༩ལོར་རྒྱ་གར་བོད་ཀྱི་གྲོགས་པོ་ཚོགས་པའི་ནང་ཞུགས་པའི་རྗེས་སུ་ད་བར་ཚོགས་པ་དེའི་སྤྱི་ཁྱབ་དྲུང་ཆེའི་ཐུགས་འགན་བཞེས་མུས་ཡིན་པ་རེད།