ཐེ་ཝན་དུ་དགེ་ལུགས་སྨོན་ལམ་ཆེན་མོ་ཐེངས་གསུམ་པ་ཉིན་གྲངས་གསུམ་རིང་ཚོགས་འདུག

2023.08.10
ཐེ་ཝན་དུ་དགེ་ལུགས་སྨོན་ལམ་ཆེན་མོ་ཐེངས་གསུམ་པ་ཉིན་གྲངས་གསུམ་རིང་ཚོགས་འདུག ཐེ་ཝན་དུ་དགེ་ལུགས་སྨོན་ལམ་ཆེན་མོ་ཐེངས་གསུམ་པའི་སྐབས། ༠༨།༠༦།༢༠༢༣
དགེ་བཤེས་འཕྲིན་ལས།

དེ་ཡང་ཐེ་ཝན་དགེ་ལུགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག འདི་ཟླའི་ཚེས་༤ནས་༦བར་ཉིན་གྲངས་གསུམ་རིང་། ཐེ་ཝན་གྱི་རྒྱལ་ས་ཐེ་པེ་རུ་རྒྱལ་ཁབ་ཕྱི་ནང་གི་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་དང་། རྒྱ་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་བཅས་དགེ་འདུན་པ་༣༠༠ཙམ་གཙོས། སྨོན་ལམ་གྱི་སྦྱིན་བདག་ཆེན་པོ་དང་། དད་ལྡན་མང་ཚོགས་སྟོང་ཕྲག་བརྒལ་བ་ལྷན་འཛོམས་ཐོག་སྐབས་༣པའི་དགེ་ལུགས་སྨོན་ལམ་ཆེན་མོ་ཚོགས་འདུག
སྨོན་ལམ་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་འབྲས་སྤུངས་བཀྲིས་སྒོ་མང་གྲྭ་ཚང་གི་དགེ་བཤེས་འཕྲིན་ལས་རྒྱ་མཚོ་ལགས་ནི། དགའ་ལྡན་ཕོ་བྲང་ཡིག་ཚང་གི་མཐུན་འགྱུར་འོག་ཐེ་ཝན་དུ་ཕྱིན་ཏེ། འདས་པའི་མི་ལོ་༡༣ཙམ་རིང་ཁུལ་དེར་ཡུལ་མི་ཚོར་ནང་ཆོས་ངོ་སྤྲོད་དང་འབྲེལ་བའི་ཞབས་ཞུ་སྒྲུབ་མུས་ཡིན་འདུག་ཅིང་། ཐེངས་འདིའི་་སྨོན་ལམ་ཆེན་མོའི་སྟེང་། རྒྱ་ནག་སྐམ་ས་ཆེན་པོ་ནས་རྒྱ་རིགས་དད་ལྡན་པ་ཁག་ཅིག་ལྷན་ཞུགས་གནང་ཡོད་པ་འགྲེལ་བརྗོད་གནང་བྱུང་།

monlam in taiwan (1).jpg
ཆོ་འཕྲུལ་སྨོན་ལམ་ནི་སྟོན་པ་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་བསྟན་ནས་མུ་སྟེགས་ཀྱི་སྟོན་པ་དྲུག་ཕན་པར་མཛད་པ་ན། ཁྱིམ་བདག་དད་པ་ཅན་དག་གིས་མཆོད་པ་སོགས་ཀྱིས་དུས་སྟོན་སོགས་བྱས་པ་ལས་བྱུང་བ་ཞིག་ཡིན་ཞིང་། བོད་ལ་རྗེ་ཙོང་ཁ་པ་ཆེན་པོས་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་གི་མདུན་དུ་མཆོད་སྤྲིན་རྒྱ་མཚོ་བསྟར་ཏེ་དུས་མཆོད་བྱས་པ་ལས་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཞེས་བྱུང་ཡོད་པ་ལོ་རྒྱུས་ནང་གསལ་ཡོད། སྤྱི་ལོ་༡༩༥༩ལོར་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་ཏེ། བོད་ཀྱི་རིག་གཞུང་དང་། ཡུལ་སྲོལ་གོམས་གཤིས། ཆོས་ལུགས་སོགས་ལ་གཏོར་བཤིག་ཚབས་ཆེན་བཏང་ཡོད། འོན་ཀྱང་། བོད་མི་རྣམས་བཙལ་བྱོལ་དུ་འབྱོར་བའི་རྗེས། བཙན་བྱོལ་དུ་རི་བོ་དགེ་ལུགས་པའི་ལྷ་ལྡན་སྨོན་ལམ་ཆེན་མོ་ཚུགས་པ་ནས་བཟུང་། ད་བར་མི་ཉམས་རྒྱུན་འཛིན་དང་ས་ཁུལ་གཞན་ཁག་ཏུ་དར་སྤེལ་འགྲོ་བཞིན་ཡོད་པ་ལྟར། ཐེ་ཝན་ནང་མཚོན་ན། སྤྱི་ལོ་༢༠༡༨ལོར་དགེ་ལུགས་སྨོན་ལམ་ཆེན་མོ་ཐོག་མར་འགོ་འཛུགས་གནང་བ་དང་ད་བར་ཐེངས་གསུམ་ཚོགས་ཡོད་འདུག
ཐེངས་འདིའི་དགེ་ལུགས་སྨོན་ལམ་ཆེན་མོ་ནི་གཙོ་བོ་འཛམ་གླིང་ཞི་བདེ་དང་། ནད་མུག་འཁྲུག་རྩོད་དང་འབྱུང་བའི་གོད་ཆག་ཞི་ནས་འབངས་རྣམས་བདེ་སྐྱིད་དཔལ་ལ་རོལ་ཆེད་ཡིན་པ་དང་། སྨོན་ལམ་གྱི་ཚོགས་མགོན་དུ་ཤར་པ་ཆོས་རྗེ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་ཕེབས་ནས་དད་ལྡན་མང་ཚོགས་ལ་བཀའ་ཆོས་སྩལ་ཡོད་འདུག
སྨོན་ལམ་ཉིན་དང་པོར་ཐེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་། ལྟ་སྒྲུབ་སློབ་དཔོན་བསྟན་འཛིན་རྣམ་གྲོལ་རིན་པོ་ཆེ་རྣམ་གཉིས་ཆེད་ཕེབས་ཀྱིས། མཎྡལ་རྟེན་གསུམ་འདེགས་འབུལ་ཞུས་འདུག་པ་མ་ཟད། དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་ཟུར་བྱང་ཆུབ་ཆོས་ལྡན་རིན་པོ་ཆེ་མཆོག་ཆེད་དུ་རྒྱ་གར་ནས་ཕེབས་པ་དང་། ར་སྟོད་མཁན་པོ་དགེ་བཤེས་བསོད་ནམས་རྒྱལ་མཚན་རིན་པོ་ཆེ་མཆོག་ལྷོ་ཀོ་རི་ཡ་ནས་ཆེད་ཕེབས་ཀྱིས་སྨོན་ལམ་ཆེན་པོའི་ཉིན་མཐའ་མའི་ཚོགས་མགོན་དུ་བཞུགས་ཡོད་པ་རེད།
དགེ་བཤེས་འཕྲིན་ལས་རྒྱ་མཚོ་ལགས་ཀྱིས། ཐེངས་འདིའི་སྨོན་ལམ་ཆེན་མོའི་སྐབས། དད་ལྡན་མང་ཚོགས་ཚོས་བཀའ་ཆོས་གསན་རྒྱུར་སྐལ་བཟང་གི་གོ་སྐབས་ཐོབ་པ་མ་ཟད། གཞུང་ཆེན་ཀ་པོད་ལྔའི་དམ་བཅའ་བཞག་པ་སོགས་དངོས་སུ་མཇལ་བ་ཧ་ཅང་གི་དགའ་ཚོར་བྱུང་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
དེ་སྔ་སྤྱི་ལོ་༡༩༩༧ལོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐེ་ཝན་དུ་ཆེས་ཐོག་མར་ཆིབས་བསྒྱུར་མཛད་པ་ནས་བཟུང་། ད་བར་ཁུལ་དེར་ལན་འགའ་ཤས་ཆིབས་བསྒྱུར་མཛད་དེ་འགྲོ་བ་སྤྱིར་ཕན་པའི་རླབས་ཆེན་གྱི་མཛད་འཕྲིན་མང་དག་ཅིག་བསྐྱངས་ཡོད་པ་མ་ཟད། ཁུལ་དེར་བོད་བརྒྱུད་ནང་བསྟན་ལ་དམིགས་བསལ་དོན་སྣང་བྱེད་ཡུལ་ཞིག་ཏུ་གྱུར་ཡོད། དཔེར་ན། ཁ་སྔོན་སྤྱི་ཟླ་༣པའི་ནང་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་གོ་སྒྲིག་འོག་རྒྱལ་ས་ཐེ་པེ་རུ་མཁན་སྤྲུལ་དགེ་བཤེས་དང་སློབ་གཉེར་བ་སོགས་མི་གྲངས་༡༠༠ མ་ཟིན་ཙམ་མཉམ་ཞུགས་ཀྱི་བོད་བརྒྱུད་ནང་བསྟན་དར་སྤེལ་གྱི་བགྲོ་གླེང་ཐེངས་བཅུ་གཅིག་པ་དེ་ཚོགས་ཡོད་པ་རེད།


གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎