ཐེ་ཝན་དུ་བོད་བརྒྱུད་ནང་པའི་དགེ་འདུན་པ་དང་ཐེ་ཝན་གྱི་སེམས་ཁམས་སྨན་པའི་བར་བགྲོ་གླེང་།
འདི་ཟླའི་ཚེས་༢༣རེས་གཟའ་སྤེན་པའི་ཉིན། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་དང་། ཐེ་ཝན་གྱི་སེམས་ཁམས་དབྱེ་ཞིབ་ལྷན་ཚོགས་ཐུན་མོང་གིས་གོ་སྒྲིག་འོག ཐེ་ཝན་སེམས་ཁམས་དབྱེ་ཞིབ་ལྷན་ཚོགས་ཀྱི་ཚོགས་ཁང་དུ། ཐེ་ཝན་དུ་གནས་བཞུགས་རིས་མེད་བོད་བརྒྱུད་ནང་བསྟན་གྱི་མཁན་བླ་དགེ་བཤེས་དང་། ཐེ་ཝན་གྱི་སེམས་ཁམས་སྨན་བཅོས་པ་གཉིས་བར་ཕན་ཚུན་ལྟ་སྒྲུབ་ངོ་སྤྲོད་དང་། དེང་དུས་ཟང་ཟིང་གི་སྤྱི་ཚོགས་འདིར་སེམས་ཁམས་སྨན་བཅོས་ཞུ་ཕྱོགས་སྐོར་བསམ་ཚུལ་བརྗེ་ལེན་གྱི་བགྲོ་གླེང་གནང་ཡོད་པ་རེད།
སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས། འདས་པའི་མི་ལོ་སུམ་ཅུ་ལྷག་རིང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་ཚན་རིག་པ་གྲགས་ཅན་དང་ལྷན་དུ་བགྲོ་གླེང་ཇི་གནང་ངོ་སྤྲོད་གནང་པ་དང་སྦྲགས། ད་ཐེངས་བགྲོ་གླེང་ཚོགས་འདུ་འདིའི་དགོས་དམིགས་དང་། བགྲོ་གླེང་འདིའི་ཐོག་ཕྱོགས་ཕན་ཚུན་ནས་སོ་སོའི་ལྟ་གྲུབ་གཙོ་བཟུང་གིས་སློབ་ཁྲིད་བྱས་པ་ལྟ་བུ་མ་ཡིན་པར། ཕྱོགས་ཕན་ཚུན་བར་མཐུན་པའི་ཆ་དང་མི་མཐུན་པ་ཆ་ཇི་དགེའི་སྐོར་གྲོས་བསྡུར་སྦྱང་བཤད་དང་ཉམས་མྱོང་སྤེལ་རེས་གནང་གལ་ཆེ་བ་གསུངས་ཞིང་། དེ་འདྲའི་བགྲོ་གླེང་མུ་མཐུད་གོ་སྒྲིག་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་འདུག
བགྲོ་གླེང་ཐོག་བོད་བརྒྱུད་ནང་བསྟན་ཕྱོགས་ཀྱི་ཚོགས་ཞུགས་པ་ལྷ་རམས་དགེ་བཤེས་བསྟན་འཛིན་རྣམ་གྲོལ་རིན་པོ་ཆེ་དང་། དོན་ཁང་གི་ལྟ་གྲུབ་དགེ་རྒན་ཟུར་པ་དགེ་བཤེས་འཇམ་དཔལ་ཆོས་འཛིན་ལགས། རྫོགས་ཆེན་མགོན་པོ་རིན་པོ་ཆེ། མཁན་པོ་ཚེ་དབང་རིག་འཛིན་ལགས། སྒྲུབ་དཔོན་བསོད་ནམས་ཉི་མ་ལགས་བཅས་ནས་ནང་ཆོས་སུ་སེམས་ཁམས་བཅོས་ཐབས་ཀྱི་གཞུང་ལུགས་ངོ་སྤྲོད་དང་འབྲེལ་རྣམ་ཀུན་སེམས་ཁམས་དགོས་མཁོ་ཅན་དང་ཐུག་སྐབས་ཀྱི་མྱོང་ཚོར་དང་། ཉམས་མྱོང་བཅས་ངོ་སྤྲོད་གནང་འདུག
ཐེ་ཝན་སེམས་ཁམས་དབྱེ་ཞིབ་ལྷན་ཚོགས་ཀྱི་ཕྱོགས་ནས་སེམས་ཁམས་སྨན་བཅོས་པ་བཞི་བགྲོ་གླེང་གནང་མཉམ་ཞུགས་ཀྱིས། ཁོང་ཚོའི་གཞུང་ལུགས་ཀྱི་ཁུངས་དང་། ནམ་རྒྱུན་སེམས་ཁམས་དགོས་མཁོ་ཅན་དང་ཐུག་སྐབས་ཀྱི་ཉམས་མྱོང་སོགས་ངོ་སྤྲོད་དང་འབྲེལ་ཕྱོགས་ཕན་ཚུན་བར་ཉམས་མྱོང་སྤེལ་རེས་དང་། དྲི་བར་ལན་འདེབས་སོགས་གནང་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་བཀོད་སྤེལ་གནང་འདུག
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།