ཕྱི་དྲིལ་བཀའ་བློན་དང་དྲུང་ཆེ་རྣམ་གཉིས་ཀྱིས་ཐེ་ཝན་དུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་འདུག

བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་དང་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་རྣམ་གཉིས་ཀྱིས་ཐེ་ཝན་དུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་འདུག

བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་དང་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་རྣམ་གཉིས་ཀྱིས་ཐེ་ཝན་དུ་གཞུང་འབྲེལ་འཚམས་གཟིགས་སྐབས། ༠༣།༢༧།༢༠༢༣ CTA

དེ་ཡང་ཐེ་ཝན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་གདན་ཞུ་གནང་བ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་དང་། དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་རྣམ་གཉིས་ཕྱི་ཟླ་༣པའི་༢༧ཉིན་ཐེ་ཝན་དུ་གཞུང་འབྲེལ་འཚམས་གཟིགས་ཆེད་ཕེབས་འབྱོར་བྱུང་འདུག་ལ། འབྱོར་མ་ཐག་ཐེ་ཝན་སྐུ་ཚབ་དོན་གཅོད་དང་དྲུང་ཆེ་ལྷན་དུ་ཐེ་ཝན་ནང་ཉིན་གྲངས་བདུན་རིང་གི་འཚམས་གཟིགས་ལས་རིམ་དང་འབྲེལ་བའི་ཐད་བཀའ་བསྡུར་གནང་བ་མ་ཟད། ཐེ་ཝན་སྤྱི་ཡོངས་ཀྱི་གནས་སྟངས་སྐོར་དང་། ཐེ་ཝན་གྱི་འབྲེལ་ཡོད་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་ལས་རིམ་ཐད་བཀའ་བསྡུར་གནང་བ་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གནས་ཚུལ་སྤེལ་འདུག
ཚེས་༢༧ཉིན་གྱི་དགོང་དྲོ་འབྲེལ་ཡོད་ཐེ་ཝན་བོད་ཀྱི་མཐུན་གྲོགས་ཚོགས་པས་ཕེབས་བསུའི་གསོལ་སྟོན་གོ་སྒྲིག་གནང་བ་དང་། དེའི་ཐོག་འབྲེལ་ཡོད་ཐེ་ཝན་ཧཱ་ཀ་ལྷན་ཁང་གི་བློན་ཆེན་སྐུ་ཞབས་(Yiong Con-Ziin)་ལགས་དང་། ཐེ་ཝན་སྲིད་འཛིན་ལས་ཁུངས་ཀྱི་སློབ་སྟོན་པ་ལྕམ་(Yeh Chu-Lan)་ལགས། ཐེ་ཝན་གྲོས་ཚོགས་འཐུས་མི་ཟུར་པ་དང་གཞུང་དོན་ལྟ་རྟོགས་ལྷན་ཁང་གི་འཐུས་མི་ལྕམ་(Liutien, Chiu-Chin)་ལགས། ཐེ་ཝན་ངལ་རྩོལ་ལྷན་ཁང་གི་བློན་ཆེན་གཞོན་པ་སྐུ་ཞབས་(Lee, Chun Yi)་ལགས། གྲོས་ཚོགས་འཐུས་མི་ཟུར་པ་ལྕམ་(Jieh Ru Chen)་ལགས་སོགས་ཡུན་རིང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་གྲོགས་པོ་རྙིང་པ་ཁག་གཅིག་ཕེབས་ཡོད་པ་དང་མཉམ། ཐེ་ཝན་དང་བོད་ཀྱི་འབྲེལ་ལམ། ད་ལྟའི་ཆབ་སྲིད་གནས་སྟངས་སོགས་ཀྱི་སྐོར་ཕན་ཚུན་གླེང་མོལ་གནང་འདུག


ད་རེས་ཕྱི་དྲིལ་བཀའ་བློན་དང་དྲུང་ཆེ་རྣམ་གཉིས་ཀྱིས་ཐེ་ཝན་དུ་ཉིན་བདུན་རིང་། གཙོ་བོ་ཐེ་ཝན་ཕྱི་སྲིད་བློན་ཆེན་མཆོག་དང་། གྲོས་ཚོགས་ཀྱི་ཚོགས་གཙོ། གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པ་བཅས་དང་། གཞན་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་གཙོ་གཞོན་པ་དང་འཐུས་མི་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་ཤེས་ཡོན་སྡེ་ཚན། ཐེ་ཝན་དུ་གནས་སྡོད་བོད་མི་སོགས་འབྲེལ་ཡོད་ཁག་དང་མཇལ་འཕྲད་ཀྱིས་བོད་དོན་བཀའ་མོལ་གནང་གཏན་འཁེལ་ཡོད་པ་གནས་ཚུལ་ནང་བཀོད་འདུག


གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org