རྒྱ་ནག་གཞུང་གིས་བོད་ཕྲུག་རྣམས་གཏན་འཇགས་སློབ་གྲྭར་འཇུག་བཞིན་པའི་ཐད་སུད་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་སེམས་ཚབས་ཡོད་པ་བསྟན་འདུག

2023.02.16
རྒྱ་ནག་གཞུང་གིས་བོད་ཕྲུག་རྣམས་གཏན་འཇགས་སློབ་གྲྭར་འཇུག་བཞིན་པའི་ཐད་སུད་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་སེམས་ཚབས་ཡོད་པ་བསྟན་འདུག རྒྱ་ནག་གཞུང་གིས་བོད་པའི་བྱིས་པ་ས་ཡ་གཅིག་ཙམ་གཏན་འཇགས་སློབ་གྲྭར་འཇུག་བཞིན་ཡོད་པའི་གནས་སྟངས་ཐད་གསར་ལམ་ཁག་གི་གསར་འགྱུར།
tibet.net

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་ལས་པས་ཉེ་ཆར་རྒྱ་ནག་གཞུང་གིས་བོད་ནང་བཙན་དབང་གིས་མི་རིགས་མཉམ་བསྲེས་བྱེད་པའི་སྲིད་ཇུས་ལག་ལེན་བསྟར་བ་དང་། དེ་བཞིན་བོད་པའི་བྱིས་པ་ས་ཡ་གཅིག་ཙམ་རྒྱ་ནག་གི་གཏན་འཇགས་སློབ་གྲྭར་འཇུག་བཞིན་ཡོད་པའི་སྙན་ཐོ་བཏོན་པ་དེར་སུད་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་སེམས་ཚབས་ཡོད་པའི་སྐོར་འགྲེལ་བརྗོད་གནང་འདུག
དེ་ཡང་དེའི་སྐོར་སྤྱི་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་། བོད་ནང་བྱིས་པ་རྣམས་དམའ་རིམ་གྱི་འཛིན་གྲྭའི་སྐབས་ནས་རྒྱ་ནག་གི་ངོ་བོ་ལྡན་པའི་གཏན་འཇགས་སློབ་གྲྭའི་ནང་བཙན་དབང་གིས་བཅུག་པ་དང་། ཕྲུ་གུའི་ཕ་མ་ལ་ཡང་རང་དབང་མེད་པའི་སྲིད་བྱུས་ཤིག་རྒྱ་ནག་གཞུང་གིས་ལག་ལེན་བསྟར་བཞིན་ཡོད་པའི་སྐོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་ལས་པས་སྙན་ཐོ་བཏོན་ཡོད་པ་དེའི་ཐད། སུས་སིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་རྣམས་ལ་སེམས་ཚབས་ཆེན་པོ་བྱུང་བ་འཁོད་འདུག
སུད་སིའི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། རྒྱལ་ཚོགས་ཀྱི་ངོས་ནས་སྲིད་ཇུས་དང་འབྲེལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་བསྒྲགས་གཏམ་སྤེལ་བ་དང་གསར་འགོད་གསལ་བསྒྲགས་སྤེལ་བ་ཉེ་བའི་ནང་ཧ་ལམ་མེད་པ་དང་དཀོན་པོ་ཚགས་ཡོད། དེ་བས་ད་ཐེངས་ཆེད་དུ་རྒྱལ་ཚོགས་ཀྱི་ཆེད་མཁས་པས་བཏོན་པའི་བོད་ནང་གི་གནས་སྟངས་མཚོན་པའི་སྙན་ཐོ་དེ་གནད་འགག་ཆེན་པོར་ངོས་འཛིན་བྱེད་བཞིན་ཡོད། ད་ཐེངས་ཀྱི་སྙན་ཐོ་དང་འབྲེལ་ཞིབ་འཇུག་ཚོགས་ཆུང་ཁག་གིས་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་འདྲི་རྩད་བྱས་བའི་གནས་ཚུལ་ཀྱང་བྱུང་ཡོད་པས། རྒྱལ་ཚོགས་ཀྱི་ངོས་ནས་བོད་ནང་གི་གནས་སྟངས་ཐད་ཐུགས་སྣང་གནང་བཞིན་པ་གསལ་བོར་མཚོན་པ་འགྲེལ་བརྗོད་གནང་བྱུང་།
ཡང་རྒྱ་ནག་གི་གཏན་འཇགས་སློབ་གྲྭའི་ལམ་ལུགས་ཀྱིས་བོད་མིའི་ཕྲུ་གུ་རྣམས་ལ་ཕ་མེས་ནས་ཡོད་པའི་རིག་གཞུང་དང་ཆོས་ལུགས། སྐད་ཡིག་བཅས་པ་རྒྱ་ནག་གི་ངོ་བོ་ཅན་དུ་བསྒྱུར་བཞིན་ཡིན་པ་སུས་སི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་དང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་(Fabian Molina)་ལགས་ཀྱིས་ཉེན་བརྡ་བཏང་ཞིང་། དེའི་མཇུག་འབྲས་སུ་བོད་མིའི་བྱིས་པ་དེ་རྣམས་ཀྱིས་རང་གི་ཕ་མེས་ཀྱི་སྐད་བེད་སྤྱོད་བྱེད་པའི་གོ་སྐབས་བརླགས་པ་དང་། བོད་སྐད་ཀྱི་ཐོག་ནས་སྐད་ཆ་བཤད་པའི་ནུས་པ་མེད་པ་བཟོས་ནས་མི་རིགས་མཉམ་བསྲེས་བྱས་ཏེ་བོད་མི་རང་གི་ངོ་བོ་དེ་མེད་པ་བཟོ་བཞིན་ཡོད་པའི་སྐོར་སུད་སིའི་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་འབྲེལ་ཚོགས་གཙོ་(Nicolas Walder)་ལགས་ཀྱིས་འགྲེལ་བརྗོད་གནང་འདུག ཡང་སྤྱི་བསྒྲགས་དེའི་ནང་རྒྱ་ནག་གཞུང་གིས་བོད་མིའི་ཕྲུ་གུ་རྣམས་རྒྱ་ནག་གི་ངོ་བོ་ཅན་གྱི་ཟུར་བཀག་གི་གཏན་འཇགས་སློབ་གྲྭའི་ནང་བཙན་དབང་གིས་བཅུག་པ་དེ་དག་ནི། རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་སོགས་ལ་དྲག་གནོན་ཆེ་བའི་སྲིད་བྱུས་མང་པོ་ཞིག་ལག་ལེན་ལག་ལེན་བསྟར་བཞིན་པའི་ཆ་ཤས་ཤིག་ཡིན་པའི་སྐོར་སྤྱི་བསྒྲགས་དེའི་ནང་འཁོད་འདུག སུད་སིའི་གྲོས་ཚོགས་ཀྱི་འཐུས་མིའི་སྤྱི་བསྒྲགས་དེ་བཞིན་སུད་སིའི་གྲོས་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་སྡེ་ཁག་ཚོགས་གཙོ་(Andrea Geissbuhler)་དང་། Nik Gugger, Fabian Molina, Nicholas Walder, ཚོགས་གཞོན་(Maya Graf)་བཅས་མཉམ་སྦྲེལ་གྱི་ཐོག་ནས་སྤེལ་ཡོད་འདུག།
སུད་སིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྤྱི་བསྒྲགས་སྤེལ་བ་དེར་སུད་སིའི་གྲོང་ཁྱེར་ཇི་ནི་ཝ་རུ་རྟེན་གཞི་བྱས་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་དགའ་བསུ་ཞུས་པ་དང་ཆབས་ཅིག་ཁོང་རྣམས་ནས་མུ་མཐུད་དེ་རྒྱབ་སྐྱོར་གནང་བཞིན་པ་དེར་ཐུགས་རྗེ་ཆེ་ཞུས་ཡོད་འདུག།


གསར་འགོད་པ། ཚེ་དབང་ནོར་བུ། བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎