ཉི་ཧོང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ལོ་རེའི་ཚོགས་འདུ་དེ་ཁ་སང་ཕྱི་ཚེས་ ༡༨ ཉིན་དྲ་རྒྱའི་ཐོག་གནང་འདུག

༢༠༢༤ལོའི་ཚོགས་འདུའི་ཐོག་ཉི་ཧོང་གི་Save Tibet་Network བོད་སྐྱོབ་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Makino Seishu ཡིས་ཁོང་རང་ཉིད་ལོ་མང་རིང་བོད་ཀྱི་གནད་དོན་ཐོག་འབྲེལ་བ་ཇི་བྱུང་དང་བོད་རང་དབང་དང་མང་གཙོའི་འཐབ་རྩོད་དེ་འཛམ་གླིང་གི་ཞི་བདེ་དང་འཆམ་མཐུན་ཐོག་འབྲེལ་བ་ཡོད་པའི་སྐོར་དང་བོད་མིའི་དབུ་འཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞི་བདེ་དང་འཚེ་བ་མེད་པའི་ལམ་སྟོན་དང་དཀའ་རྙོག་ཁག་གྲོས་མོལ་གྱི་ཐོག་ནས་སེལ་དགོས་པའི་བཀའ་སློབ་ཁག་དྲན་གསོ་གནང་ཡོད་པ་རེད་འདུག ཡང་ཚོགས་འདུའི་ཐོག་ཉི་ཧོང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Ishikawa Akimasa ཡིས་བོད་དོན་དཀའ་རྙོག་སེལ་རྒྱུར་རྒྱབ་སྐྱོར་ཡོད་པའི་སྐོར་དང་ཉི་ཧོང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་དོན་ཁག་སྙན་སེང་ཞུས་ཡོད་པའི་སྐོར་འདི་ག་རླུང་འཕྲིན་ཁང་ལ་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་གསུང་བྱུང་།
ཚོགས་འདུའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་ཉི་ཧོང་གི་བོད་དོན་རྒྱབ་སྐྱོར་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་རྒྱ་ནག་གིས་བོད་ཀྱི་ཆོས་དང་རིང་གཞུང་དང་ངོ་བོ་རྩ་མེད་བཟོ་རྒྱུའི་ལས་དོན་དེ་ཤུགས་ཆེ་རུ་གཏོང་བཞིན་ཡོད་པའི་སྐོར་གསུངས་ཡོད་པ་རེད་འདུག ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་སྐུ་ཚབ་དོན་གཅོད་ཁང་གིས་ལས་དོན་ཇི་སྤེལ་སྙན་སེང་དང་བོད་ནང་གི་དལྟའི་གནས་ཚུལ་དང་རིང་མིན་ཡོ་རོབ་ཀྱི་ Brussels གྲོང་འཁྱེར་དུ་བསྐོངས་འཚོགས་གནང་རྒྱུའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ཚོགས་འདུའི་སྐོར་དང་སྐུ་ཚབ་དོན་གཅོད་ལས་ཁང་གི་ཕྱི་ལོ་ ༢༠༢༤ ལོའི་ནང་གི་ལས་འཆར་ཁག་དང་ཉི་ཧོང་ནང་བོད་ཀྱི་གྲོང་ཞེས་པ་ཞིག་འཛུགས་རྒྱུའི་དགོངས་པར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་བསྐུལ་གནང་འདུག
གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ།