འདི་ལོ་ཡང་རྒྱ་ནག་གཞུང་གིས་བོད་ནང་གི་སློབ་གྲྭ་ཁག་ཏུ་དམར་ཤོག་ཚོགས་པ་དང་རྒྱལ་གཅེས་སློབ་གསོ་ཞེས་པའི་དྲིལ་བསྒྲགས་སྤེལ་བཞིན་སློབ་མགོ་ཚུགས་འདུག

2025.02.27
འདི་ལོ་ཡང་རྒྱ་ནག་གཞུང་གིས་བོད་ནང་གི་སློབ་གྲྭ་ཁག་ཏུ་དམར་ཤོག་ཚོགས་པ་དང་རྒྱལ་གཅེས་སློབ་གསོ་ཞེས་པའི་དྲིལ་བསྒྲགས་སྤེལ་བཞིན་སློབ་མགོ་ཚུགས་འདུག རྔ་བ་རྫོང་གི་སློབ་གྲྭ་ཞིག་ཏུ་སློབ་མགོ་ཚུགས་བཞིན་པའི་མཛད་སྒོ། ༢༠༢༥/༠༢/ ༢༦/
མི་སེར་གསར་འགོད་པ།

དགུན་ཁའི་གུང་སེང་རྫོགས་རྗེས་སློབ་ཐུན་གསར་པ་འགོ་ཚུགས་བཞིན་པའི་དུས་སུ་རྒྱ་ནག་གཞུང་གིས་མདོ་སྟོད་སྨད་ཀྱི་ས་ཁུལ་མང་པོའི་སློབ་གྲྭ་ཁག་ཏུ་ཆབ་སྲིད་དྲིལ་བསྒྲགས་དང་། རྒྱལ་གཅེས་སློབ་སྤེལ་བཞིན་ཡོད་པ་མ་ཟད། ནང་ཆོས་དང་བོད་ཡིག་སློབ་ཚན་ཡང་མེད་པ་བཟོ་ཐབས་རྩོམ་བཞིན་འདུག 

ཕྱི་ཟླ་ ༢ ཟླ་མཇུག་ནས་བཟུང་རྒྱ་ནག་རྒྱལ་ཡོངས་ནང་། དགུན་དུས་སློབ་གྲྭ་ཁག་གི་གུང་གསེང་མཇུག་རྫོགས་ནས་སློབ་མགོ་ཚུགས་བཞིན་ཡོད་ན་ཡང་། བོད་ཀྱི་མདོ་སྟོད་སྨད་ཀྱི་ས་ཁུལ་ཁག་མང་ཆེ་བའི་ནང་སློབ་གྲྭ་ཆུང་འབྲིང་དང་། བྱིས་གཉོར་ཁང་སོགས་ཀྱི་སློབ་མགོ་ཚུགས་བཞིན་ཡོད་པ་དང་། སློབ་མགོ་ཚུགས་རྗེས་དགེ་སློབ་གཉིས་ནས་རྒྱ་ནག་གཞུང་གི་ཆབ་སྲིད་དྲིལ་བསྒྲགས་སློབ་གསོ་དང་། མེས་རྒྱལ་ལ་དགའ་ཞེན་དང་རྒྱལ་གཅེས་སློབ་གསོ། མི་རིགས་མཐུན་སྒྲིལ་སོགས་ཀྱི་སྐོར་ལ་སློབ་སྦྱོང་དགོས་པ་དང་། སློབ་གྲྭ་མགོ་ཚུགས་སྐབས་སློབ་ཕྲུག་དང་དགེ་རྒན་ཚང་མས་སློབ་གྲྭའི་ནང་ཆོས་ལུགས་དང་རྨོངས་དད་བསམ་བློ་དོར་དགོས་པ་དང་། དགེ་རྒན་ཚོས་སློབ་མར་ཆོས་ལུགས་ཀྱི་སློབ་ཚན་སློབ་ཁྲིད་བྱེད་ཀྱི་མེད་པ་ཟླ་བ་རེའི་ནང་གོང་རིམ་ལ་རང་ངོས་ནས་ཡར་ཞུ་དགོས་པ་སོགས། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གི་འདུག

འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལྟའི་ཆར་བོད་ཀྱི་ས་ཁུལ་ཁག་ཏུ་སློབ་མགོ་ཚུགས་བཞིན་པའི་ཁྲོད། རྔ་བ་དང་དཀར་མཛེས། རྨ་ལྷོ། བསང་ཆུ་རྫོང་། གཡག་རྔ་། མཛོད་དགེ ཁྱུང་མཆུ། འབར་ཁམས། གཙོད། ཆབ་ཆ་རྫོང་། ཁྲི་ཀ་རྫོང་སོགས་ནས་སློབ་མགོ་ཚུགས་བཞིན་འདུག་ལ། གོང་ཞུས་འབྲེལ་ཡོད་ཅིག་ནས་མུ་མཐུད་བརྗོད་དོན་ལ། སློབ་མགོ་ཚུགས་སྐབས་དང་འབྲེལ་དཀར་མཛེས་དང་རྔ་བ་ཕྱོགས་ཀྱི་སློབ་ཆུང་སློབ་གྲྭ་མང་ཆེ་བའི་ནང་། རྩིས་དངོས་རྫིས་གསུམ་སློབ་ཚན་ཁག་དེ་སྔ་ནས་རྒྱ་ཡིག་ཏུ་སྒྱུར་ཡོད་ན་ཡང་། སློབ་གྲྭ་རེ་ཟུང་ནང་བོད་སྐད་ཡིག་སློབ་ཚན་རེ་ཡོད་པ་དེ་དག་ཀྱང་རྩ་མེད་བཟོ་བཞིན་ཡོད་པ་དང་། བོད་ཡིག་གི་དགེ་རྒན་མང་དག་ཅིག་ལ་རྒྱ་ཡིག་གི་ཆུ་ཚད་མི་ལྡན་སྐོར་བརྗོད་ནས་ཕྱིར་ཕུད་བཏང་ཡོད་པ་སོགས་འགྲེལ་བརྗོད་གནང་གི་འདུག

རྒྱ་ནག་གཞུང་འབྲེལ་ངོས་ནས་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་རང་སྐྱོང་ལྗོངས་ནང་སློབ་མགོ་ཚུགས་པའི་དུས་ཚེས་དེ། བོད་ཀྱི་ལོ་སར་རྗེས་ཀྱི་ཕྱི་ཟླ་ ༣ ཚེས་ ༨ ནས་ ༡༠ ཡིན་པ་བསྒྲགས་ཡོད་པ་དང་། རྒྱ་ནག་ནང་སློབ་མགོ་ཚུགས་བཞིན་པ་དང་བསྟུན་སློབ་གྲྭ་ཁག་དང་གཞུང་འབྲེལ་ཤེས་ཡོན་སྡེ་ཁག་ནས། སློབ་མགོ་ཚུགས་སྐབས་བདེ་འཇགས་དང་འཕྲོད་བསྟེན་བརྟག་དཔྱད་དགོས་པ་སོགས་ཀྱི་བརྡ་ཁྱབ་འདྲ་མིན་སྤེལ་བཞིན་ཡོད་པ་དང་། ཕྱི་ཚེས་ ༢༥ ཉིན་འཕྲིན་སྟེགས་ཤིག་ཏུ་གཏན་འགོག་གཉིས་དང་རྩ་ནས་བྱེད་མི་རུང་བའི་དོན་ཚན་ ༥ ཞེས། སློབ་གྲྭ་ཁག་ཏུ་ཆོས་ལུགས་སྒོ་སྤེལ་མི་ཆོག་པ་དང་། མི་སྒེར་དང་ཚོགས་པ་སུས་ཀྱང་སློབ་གྲྭའི་ཤེས་ཡོན་ལམ་ལུགས་ནང་ཆོས་ལུགས་བེད་སྤྱོད་མི་ཆོག་པ། དགེ་སློབ་སུ་གཅིག་ཀྱང་ཆོས་ལུགས་བྱེད་སྒོའི་ནང་ཞུགས་མི་ཆོག་པ། སློབ་གྲྭའི་ནང་ཆོས་ལུགས་ཀྱི་མཚོན་དོན་ཡོད་པའི་གྱོན་ཆས་དང་རྒྱན་ཆ་གྱོན་མི་ཆོག་པ་སོགས་སྤེལ་བཞིན་པ་མཐོང་རྒྱུ་འདུག

ལོ་ལྟར་བོད་ནང་དུ་སློབ་གྲྭ་ཁག་སློབ་མགོ་ཚུགས་སྐབས་རྒྱ་ནག་གཞུང་ངོས་ནས་དམ་དྲགས་དང་ཞིབ་བཤེར། དེ་བཞིན་ཕྱི་ལོ་ ༢༠༢༤ ལོར་དར་རྩེ་མདོ་རུ་སློབ་མགོ་ཚུགས་སྐབས་སློབ་གྲྭའི་ནང་སློབ་ཕྲུག་གི་ཕ་མ་ཞུགས་མི་ཆོག་པ་སོགས་ཀྱི་དམ་དྲག་དང་། སློབ་མགོ་ཚུགས་སྐབས་དང་བསྟུན་ནམ་རྒྱུན་རྒྱ་ནག་གཞུང་གིས་སློབ་གྲྭ་ཁག་གི་སློབ་ཚན་སྒྱུར་བཅོས་བྱེད་བཞིན་ཡོད་ཀྱང་གནས་ཚུལ་དེའི་སློབ་ཁྱིམ་དག་ལ་སྦས་གསང་དང་།  ཕྱི་ལོ་ ༢༠༢༣ ལོའི་སྟོན་དུས་སློབ་མགོ་ཚུགས་སྐབས་དང་འབྲེལ་རྒྱ་ནག་གཞུང་གིས་དཀར་མཛེས་ཕྱོགས་ཀྱི་སློབ་འབྲིང་ཁག་ཏུ་བོད་ཡིག་སློབ་ཚན་གཏན་ནས་མེད་པ་བཟོས་པ་དང་། དེ་བཞིན་རྔ་བ་ཕྱོགས་ནས་བོད་ཡིག་ལམ་ནས་སློབ་ཁྲིད་བྱེད་ཐབས་ཇེ་ཉུང་དུ་གཏོང་བ་སོགས་བྱས་ཡོད་པ་རེད་ལ། གཞན་ཡང་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་སློབ་མགོ་ཚུགས་སྐབས་དང་བསྟུན། རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གྱི་རྫོང་ཁག་གི་གཞུང་གཉེར་སློབ་གྲྭ་ཚང་མའི་ནང་། བོད་ཡིག་གི་སློབ་ཚན་གཅིག་པུ་ལས་གཞན་པའི་རྩིས་དངོས་རྫས་གསུམ་དང་མཛེས་རྩལ། ཨང་རྩིས་སོགས་སློབ་ཚན་ཚང་མ་རྒྱ་ཡིག་ནང་བསྒྱུར་ཡོད་པ་རེད། །

གསར་འགོད་པ། ལོ་ཡག་བཀྲིས། 

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་ནོར་འཛོམས། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎