རྒྱ་ནག་གི་ཉེན་རྟོག་པས་གསེར་རྟ་ཕྱོགས་ཀྱི་བོད་མི་དྲུག་འཛིན་བཟུང་བྱས་འདུག

2021.04.14
རྒྱ་ནག་གི་ཉེན་རྟོག་པས་གསེར་རྟ་ཕྱོགས་ཀྱི་བོད་མི་དྲུག་འཛིན་བཟུང་བྱས་འདུག གངས་སྐྱེས་སྒྲུབ་པ་སྐྱབས་སོགས་འཛིན་བཟུང་བྱས་བའི་བོད་མི་བཞི།
མཐུན་འགྱུར་པར་རིས། མགོ་ལོག་འཇིགས་མེད།

ཉེ་བའི་ནང་རྒྱ་ནག་གཞུང་གི་ས་གནས་ཉེན་རྟོག་པས་གསེར་རྟ་རྫོང་ཁོངས་ཀྱི་བོད་མི་གཞོན་སྐྱེས་རྩོམ་པ་པོ་དང་ཁོར་ཡུག་སྲུང་སྐྱོབ་པ་ཆབ་སྲིད་བཙོན་ཟུར་བཅས་ཁག་ཅིག་འཛིན་བཟུང་བཙན་ཁྲིད་བྱས་འདུག
དེང་སང་རྒྱ་ནག་གཞུང་གིས་ཆ་བགོས་བྱས་བའི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོངས་ཁོངས་ནས། རྒྱ་ནག་གི་ས་གནས་ཉེན་རྟོག་པ་ཚོས་སྤྱི་ཟླ་༣པའི་ཚེས་༢༣ཉིན་གྱི་ཕྱི་དྲོར། གསེར་རྟ་རྫོང་ཁོངས་ནས་ཡིན་པ། རྩོམ་པ་པོ་དང་ཆབ་སྲིད་བཙོན་ཟུར་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་གློ་བུར་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་མ་ཟད། ཡང་གསེར་རྟ་རྫོང་གི་རགས་བཀྲམ་ཡུལ་ཚོ་ཏོག་ཚ་སྡེ་བ་ནས་ཡིན་པ། གཞོན་སྐྱེས་རྩོམ་པ་བོ་དང་སློབ་གསོ་བ། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཕྱག་ལས་གནང་མཁན་སྲས་རྣམ་ལགས་ཀྱང་སྤྱི་ཟླ་༣པའི་ཚེས་༢༣ཉིན་གྱི་ཕྱི་དྲོར་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག གཞན་ཡང་གསེར་རྟ་རྫོང་གི་གོས་རྩ་སྡེ་བ་ནས་ཡིན་པ་དང་། ཕྱི་ལོ་༢༠༠༨ལོར་བོད་མིའི་ས་བྱི་ཞི་རྒོལ་ཆེན་མོའི་ནང་ཆ་ཤས་བླངས་བ་མ་ཟད། བོད་ཀྱི་རྒྱལ་དར་འཕྱར་ནས་༧གོང་ས་མཆོག་ཕྱིར་བོད་ལ་ཕེབས་འཇུག་དགོས་པའི་སྐད་འབོད་གནང་བར་བརྟེན། ལོ་གསུམ་ལ་བཙོན་འཇུག་ཁྲིམས་ཐད་བཅད་དེ་གློད་གྲོལ་བྱུང་བ། དགེ་འདུན་པ་གངས་བུ་གཡུ་བྷྲུམ་ལགས་ཀྱང་ཉེ་ལམ་སྤྱི་ཟླ་༣པའི་ཚེས་༢༢ཉིན་ཡང་བསྐྱར་འཛིན་བཟུང་བྱས་ཡོད་པ་དང་། གཞན་ཡང་ཕྱི་ལོ་༢༠༠༨ལོ་ནས་ད་བར་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་ཐེངས་གསུམ་བྱས་ཏེ། གཅར་རྡུང་གིས་ནད་གཅོང་བཟོས་ཡོད་པ། ཆབ་སྲིད་བཙོན་ཟུར་ཚེ་རིང་སྒྲོལ་མ་ཡང་ད་ལམ་སྤྱི་ཟླ་༤པའི་ཚེས་༢ཉིན་མོར་འཛིན་བཟུང་བཙན་ཁྲིད་བསྐྱར་དུ་བྱས་ཡོད་པ་སོགས་ཀྱི་ཁར། མིང་སོགས་གསལ་བོ་མ་ངེས་པའི་དེ་མིན་གྱི་གསེར་རྟ་རྫོང་གི་མི་གཉིས་ཀྱང་འཛིན་བཟུང་བཙན་ཁྲིད་བྱས་འདུག་པ་སོགས། ཡོ་རོབ་སིད་སི་རྒྱལ་ཁབ་ཏུ་གནས་བཞུགས། ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལ་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་པ་ངོ་སྤྲོད་གནང་གི་འདུག
ཁོང་གིས་མུ་མཐུད་དུ་གསུང་ན། རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་འཛིན་བཟུང་བྱེད་དགོས་བའི་རྒྱུ་མཚན་སོགས་ཁ་གསལ་མེད་པ་དང་། རྒྱ་ནག་གཞུང་ཕྱོགས་ནས་དེའི་ཐད་གསལ་བཤད་གང་ཡང་བྱས་མི་འདུག་ཅེས་དང་། གངས་སྐྱེས་སྒྲུབ་པ་སྐྱབས་ལགས་ཐོག་མར་ཕྱི་ལོ་༢༠༡༢ལོའི་ཟླ་༢པའི་ཚེས་༡༥ཉིན་མོར་འཛིན་བཟུང་གིས། ཕྱི་ལོ་༢༠༡༦ལོའི་ཟླ་༩པའི་ཚེས་༡༦བར་བཙོན་འཇུག་བྱས་རྗེས་གློད་གྲོལ་ཐོབ་ཡོད་ནའང་། བཙོན་ཁང་དུ་གཅར་རྡུང་མནར་གཅོད་ཀྱིས་ནད་གཅོང་ཅན་དུ་གྱུར་ཡོད་ཅིང་། ཁོང་གིས་ད་བར་ལས་དབང་གི་རྒྱང་འབོད་དང་དུས་ཀྱི་ན་ཟུག་སོགས་ཚགས་དེབ་མང་པོ་འགྲེམས་སྤེལ་རྩོམ་བྲིས་གནང་མྱོང་ཡོད་ལ། ཡང་རྩོམ་པ་བོ་བོད་རུས་སམ་སྲས་རྣམ་ལགས་ཀྱང་དེ་ལྟར་འཛིན་བཟུང་བྱས་པ་ལས། ཉེས་འཛུགས་ཅི་བྱས་ཀྱི་གསལ་ཁ་གང་ཡང་མེད་པ་འགྲེལ་བརྗོད་གནང་གི་འདུག
རྩོམ་པ་པོ་སྲས་རྣམ་ལགས་ནས་ཡིག་རྨོངས་སེལ་བའི་འཛིན་གྲྭ་སོགས་བཙུགས་ཏེ་སློབ་གསོའི་ལས་དོན་གཉེར་མཁན་ཞིག་དང་། ཁོར་ཡུག་སྲུང་སྐྱོབ་པ་ཞིག་ཀྱང་ཡིན་པ་དང་། ཁོང་དེ་སྔ་ཕྱི་ལོ་༢༠༢༠ལོའི་ཟླ་བ་༩པའི་ནང་གསེར་རྟ་རྫོང་དུ་འཛིན་བཟུང་གིས་ཉི་མ་༡༥རིང་བཀག་ཉར་བྱས་འདུག་ཅིང་། སྐབས་དེར་འཛིན་བཟུང་བྱས་དོན་ནི། གངས་ཅན་ཕ་མའི་བདེ་ཐང་གླིང་ཟེར་བ་ཞིག་བཙུགས་པས་ཡིན་ལ། ད་རེས་ཏོག་ཚ་སྡེ་བའི་འབྲོག་ས་ནས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་འདྲ་བར། གསེར་རྟ་རྫོང་གོས་རྩ་སྡེ་བ་ནས་ཡིན་པ་གངས་བུ་གཡུ་བྷྲུཾ་ལགས་ཀྱང་འཛིན་བཟུང་གིས་གནས་སྟངས་ཁ་གསལ་མེད་པ་འགྲེལ་བརྗོད་གནང་གི་འདུག
གངས་བུ་གཡུ་བྷྲུམ་ལགས་ཀྱིས་ཕྱི་ལོ་༢༠༠༨ལོར་༧གོང་ས་མཆོག་བོད་ལ་ཕེབས་བཅུག་དགོས་པ་སོགས་ཀྱི་སྐད་འབོད་གནང་བར་བརྟེན། འཛིན་བཟུང་གིས་ལོ་གསུམ་རིང་བཙོན་འཇུག་བྱས་ཏེ་ཕྱི་ལོ་༢༠༡༡ལོའི་ཟླ་༢པའི་ཚེས་༡༩ཉིན་གློད་གྲོལ་ཐོབ་ཡོད་ནའང་། ཁོང་དང་གྲོགས་པོ་བསྐོར་ཅིག་གིས་དམར་རྒོལ་གདོང་ལེན་ཚོགས་པ་ཟེར་བ་ཞིག་གསར་འཛུགས་གནང་སྟེ། བོད་ནང་ས་གནས་མང་པོའི་ནང་བྱ་འགུལ་རབ་དང་རིམ་པ་སྤེལ་པར་བརྟེན། ཕྱི་ལོ་༢༠༡༢ཟླ་༥པའི་ཚེས་༡༤ཉིན་བསྐྱར་དུ་འཛིན་བཟུང་གིས་ལོ་གཉིས་ལ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ད་ལོར་ཡང་བསྐྱར་འཛིན་བྱས་པ་དང་ཆ་འདྲ་བ་ཞིག་ནི། ཕྱི་ལོ་༢༠༠༨ལོར་གསེར་རྟ་རྫོང་དུ་རང་གི་ཕ་བསོ་ལོ་དང་མཉམ་དུ་སྐད་འབོད་ཞི་རྒོལ་གནང་སྟེ་འཛིན་བཟུང་བཀག་ཉར་ཡུན་རིང་བྱས་པ། གངས་ཚེ་རིང་སྒྲོལ་མ་ལགས་ཀྱང་ཉེས་འཛུགས་གསལ་ཁ་མེད་པར་ཡང་བསྐྱར་འཛིན་བཟུང་བྱས་པ་འགྲེལ་བརྗོད་གནང་གི་འདུག
ཚེ་རིང་སྒྲོལ་མ་ལགས་སུ་བཙོན་ཁང་དུ་དེ་སྔོན་གཅར་རྡུང་གིས་རྐང་པའི་སྤྱི་མགོ་ལ་ཆག་གྲུམ་ཤོར་ནས་དཀའ་ངལ་ཆེན་པོ་ཡོད་ཁར། སེམས་ཁམས་ལའང་གནོད་སྐྱོན་ཚབས་ཆེན་བཟོས་ཡོད་པས་དྲན་པ་བརྟན་པོ་མེད་པ་དང་སྙིང་ནད་ཀྱིས་མནར་ཡོད་ཅིང་། ཁོང་ཚོ་མི་བཞི་བོ་ཆ་ཚང་རྒྱ་ནག་གཞུང་གིས་ནམ་རྒྱུན་མྱུལ་ཞིབ་ལྟ་རྟོག་གི་འོག་ཡོད་པ་མ་ཟད། དུས་ཆེན་ཁག་གི་སྐབས་སུ་ཉེན་རྟོག་ལས་ཁུངས་དུ་ཐོ་འགོད་དང་གནས་སྟངས་གསལ་བཤད་བྱེད་པར་འགྲོ་དགོས་པ། གསེར་རྟ་རྫོང་ནང་ཁུལ་ལས་ས་གནས་གཞན་དུ་འགྲུལ་བསྐྱོད་མི་ཆོག་པ་སོགས། རྟག་པར་དམ་དྲག་འོག་ཚུད་བསྡད་པ་ཡོད་པ་རེད།
གཞན་ཡང་ཉེ་ལམ་ཁོང་ཚོ་དང་འདྲ་བར་གསེར་རྟ་རྫོང་གི་བོད་མི་གཞན་གཉིས་ཀྱང་འཛིན་བཟུང་བཙན་ཁྲིད་བྱས་ཡོད་ནའང་། མི་སུ་ཡིན་མིང་སོགས་གསལ་བོ་ངོ་རྟགས་ཆོད་མེད་པའི་གནས་ཚུལ་ངོ་སྤྲོད་གནང་བྱུང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎