ཨ་རིའི་༢༠༡༩་ལོའི་བོད་ཀྱི་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་ལ་བོད་མིའི་སྒྲིག་འཛུཊ་ཀྱིས་དགའ་བསུ།
2019.09.25
ཨ་རིའི་༢༠༡༩་ལོའི་བོད་ཀྱི་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་ཞེས་བར་བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ནས་དགའ་བསུ་དང་ཐུགས་རྗེ་ཆེ་ཞུས་འདུག
ཨ་རིའི་༢༠༡༩་ལོའི་བོད་ཀྱི་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་རམ་(Tibet Policy and Support Act of 2019)་ཞེས་ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་བཅུ་ ཡིས་བཏོན་པའི་ཁྲིམས་འཆར་ལ་བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ནས་དགའ་བསུ་དང་ཐུགས་རྗེ་ཆེ་ཞུས་འདུག
ཨ་རིའི་༢༠༡༩་ལོའི་བོད་ཀྱི་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་(Tibet Policy and Support Act of 2019)་ཞེས་ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་བཅུ་ཡིས་བཏོན་པའི་ཁྲིམས་འཆར་དེ་ནི་ཁ་ཡོད་ལག་ཡོད་ཀྱིས་བོད་ཀྱི་འཐབ་རྩོད་ལ་ཕན་ཐོགས་ཡོད་པའི་ཁྲིམས་འཆར་ཞིག་ཡིན་པ་མ་ཟད། ཆབ་སྲིད་ཀྱི་ཐོག་ནས་རྒྱ་ནག་གཞུང་ལ་ཡང་བརྡ་ལན་གསལ་པོ་ཞིག་སྤྲད་ཡོད་པ་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་མཆོག་གིས་གསུང་ཡོད་པ་རེད། ཉེ་ལམ་ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གཉིས་ཀྱི་རྒྱ་ནག་ཐོག་ཆེ་མཐོའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(Jim McGovern)་མཆོག་དང་། ཟུང་འབྲེལ་ཚོགས་གཙོ་ཨ་མི་རི་ཀའི་གྲོས་ཚོགས་གོང་མིའི་འཐུས་མི་སྐུ་ཞབས་(Marco Rubio)་མཆོག་རྣམས་གཉིས་ཀྱིས་༢༠༠༢་ཀྱི་བོད་དོན་སྲིད་བྱུས་ཁྲིམས་ཡིག་ལ་ནུས་ཤུགས་ཆེ་རུ་གཏོང་རྒྱུའི་ཆེད་༢༠༡༩་ལོའི་བོད་ཀྱི་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་རམ་(Tibet Policy and Support Act of 2019)་ཞེས་པའི་ཁྲིམས་འཆར་གསར་པ་ཞིག་བཏོན་གནང་ཡོད་པ་དེའི་ནང་ལ་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་༡༤་པ་མཆོག་གི་ཡང་སྲིད་ཚུད་པའི་བོད་མིའི་ཆོས་ཕྱོགས་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཀྱི་གནད་དོན་དེ་བོད་མི་རང་གིས་ཐག་གཅོད་བྱེད་རྒྱུ་ལས་དེར་ཐེ་བྱུས་བྱེད་མཁན་རྒྱ་ནག་གི་དཔོན་རིགས་ཚོ་དམིགས་བསལ་གྱིས་བཀག་འགོག་བྱ་རྒྱུ་ཡིན་པ་འབུར་འདོན་བྱས་ནས་བཀོད་ཡོད་ཅིང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་འགན་དབང་དེ་༧རྒྱལ་བ་རིན་པོ་ཆེ་སྐུ་ཉིད་དང་། བོད་མི་དམངས་ལ་ཡོད་པ་ལས་གཞན་སུ་གཅིག་ལ་མེད་ནའང་། རྒྱ་ནག་གཞུང་ནས་༧གོང་ས་མཆོག་གི་ཡང་སྲིད་རྫུན་མ་ཞིག་ཇི་ལྟར་བཟོ་དགོས་མིན་ཐད་བྱེད་ཐབས་འདྲ་མིན་སྣ་ཚོགས་ཤིག་བྱས་དང་བྱེད་མུས་རེད། འོན་ཀྱང་ཨ་རི་ལྟ་བུ་སྟོབས་ཆེན་རྒྱལ་ཁབ་ཞིག་གིས་བདེན་པའི་ཕྱོགས་སུ་ལངས་ཏེ་བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བར་འབྱུང་འགྱུར་འཛམ་གླིང་ནང་བདེན་པ་དང་འཚེ་བ་མེད་པ་གོང་འཕེལ་ཡོང་བར་ཕན་ཐོགས་ཡོད་པ་བརྗོད་ཡོད་པ་རེད།
ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ཁྲིམས་འཆར་འདི་ད་རེས་ཨ་མི་རི་ཀའི་ཁྲིམས་དངོས་སུ་ཆགས་བའི་རེ་བ་ཡོད་པ་ལྟར། ཨ་རིར་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ནས་ཁྲིམས་འཆར་དེར་རྒྱབ་སྐྱོར་ཡོང་སླད་ངེས་པར་དུ་རང་རང་སོ་སོའི་གྲོས་ཚོགས་འཐུས་མི་རྣམས་ལ་ཞུ་གཏུགས་གནང་རོགས་ཞེས་འབོད་སྐུལ་ཞུས་ཡོད་པ་རེད།
སྐུ་ཞབས་(Jim McGovern)་མཆོག་གིས། བོད་མིའི་རང་དབང་འཐབ་རྩོད་དང་ཆོས་དད་རང་དབང་། དེ་བཞིན་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་པར་རྒྱབ་སྐྱོར་བྱེད་རྒྱུ་བྱུང་བ་ནི་ངོས་རང་གིས་སྤོབས་པ་ཡིན་ཞེས་བརྗོད་ཡོད་ཅིང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས། ཨ་མ་རི་ཀས་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་འདི་ནི། འཛམ་གླིང་སྤྱི་ཡོངས་ཀྱི་བདེན་པ་དང་འཚེ་བ་མེད་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བཞིན་ཡོད་པ་མཚོན་གྱི་ཡོད་པ་གསུངས་ཡོད་པ་རེད།
ཡང་ཨ་མི་རི་ཀའི་གྲོས་ཚོགས་གོང་མིའི་འཐུས་མི་སྐུ་ཞབས་(Marco Rubio)་མཆོག་གིས། ཨ་རི་ཕྱོགས་ནས་བོད་དོན་ཐོག་སྲིད་བྱུས་འདི་ལྟ་བུ་ཞིག་དགོས་ངེས་ཤིན་ཏུ་ཆེ་ཞིང་། ང་ཚོས་ངེས་པར་དུ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་འགོག་ལན་དང་བོད་མིའི་ཚོའི་ཆོས་དད་རང་དབང་དང་་སྐད་ཡིག་རིག་གཞུང་སོགས་སྲུང་སྐྱོབ་སླད་ཐབས་ལམ་གསར་པའི་རིགས་འཚོལ་ཞིབ་བྱ་རྒྱུ་གལ་ཆེན་ཡིན་པ་གསུངས་ཡོད་ཅིང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁྲིམས་འཆར་དེའི་ཐོག་ཕྱག་ལས་གནང་མཁན་ལས་བྱེད་དང་ཚོགས་པ་ཁག་ཚང་མར་ཐུགས་རྗེ་ཞུས་ཡོད་པ་རེད།