ཨ་རིའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་ལ་བོད་མིས་དགའ་བསུ་དང་རྒྱ་གཞུང་ནས་ངོ་རྒོལ།

ཨ་རིའི་གྲོས་ཚོགས་ནས་དོན་རྒྱབ་སྐྱོར་སྲིད་བྱུས་ཀྱི་ཁྲིམས་འཆར་༢༠༢༠དེ་བཞིན་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་གནང་ཡོད་པར་བརྟེན། བཞུགས་སྒར་རྡ་རམ་ས་ལའི་ཁུལ་དུ་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་ཚོགས་གཙོ་རྣམས་ཀྱིས་ཁྲིམས་འཆར་འདིར་དགའ་བསུ་དང་སྦྲགས། རྒྱལ་ཁབ་གཞན་ཁག་ནས་ཀྱང་དེ་དེ་བཞིན་གྱི་བོད་དོན་ཁྲིམས་འཆར་གཏན་འབེབས་ཡོང་བར་རེ་བ་གནང་གི་འདུག་ཅིང་། བཞུགས་སྒར་དུ་ཆགས་པའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས། ད་རེས་འདི་ལྟ་བུའི་ཁྲིམས་འཆར་ཞིག་གཏན་འབེབས་གནང་ཐུབ་དེར་དམིགས་བསལ་གྱི་སེམས་ནང་སྤེབས་པ་སྐྱེས་འོས་ཞིག་ཡིན་པ་དང་། ལྷག་དོན་དུ་འབྱུང་འགྱུར་རྒྱལ་ཁབ་གཞན་ཁག་ལ་བོད་དོན་ཞུ་གཏུགས་བྱེད་པའི་སྐབས་ཕན་ཐོགས་ངེས་ཅན་ཞིག་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད།
ཡང་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས། ཨ་རི་གཞུང་དམངས་གཉིས་ནས་ད་བར་བོད་མིའི་རང་དབང་ཆེད་དུ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིག ད་རེས་ཨ་རིའི་ངོས་ནས་ཁྲིམས་ཀྱི་ཐོག་ནས་བོད་དོན་རྒྱབ་སྐྱོར་གནང་བ་དེས་འཛམ་གླིང་ནང་བོད་དོན་རྒྱབ་སྐྱོར་བ་རྣམས་བློ་སྟོབས་གསར་པ་ཞིག་སྦྱིན་ཡོད་པ་འགྲེལ་བརྗོད་གནང་ཡོད།
ཡང་བཞུགས་སྒར་རྡ་རམ་ས་ལར་ཆགས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོི་རིན་འཛིན་ཆོས་སྒྲོན་ལགས་ཀྱིས། ད་ཐེངས་ཁྲིམས་འཆར་དེ་གཏན་འབེབས་གནང་ཐུབ་པ་དེས་བོད་མིའི་སྒྲིག་འཛུགས་གཙོས་པའི་ཚོགས་སྡེ་ཁག་ཚང་མ་མཉམ་རུབ་དང་གཅིག་སྒྲིལ་གྱི་ཐོག་ནས་ལས་དོན་བསྒྲུབས་པའི་རྗེས་འབྲས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་དང་། ༸གོང་ས་མཆོག་གི་སྐུའི་ཡང་སྲིད་གནད་དོན་ཐོག་ལ་ད་ལྟའི་དུས་འདིར་ཨ་རིས་རྒྱབ་སྐྱོར་གནང་བ་དེ་ནི་ཧ་ཅང་གི་གལ་འགངས་ཆེན་པོ་ཞིག་ཆགས་ཡོད་པ་ངོ་སྤྲོད་གནང་ཡོད།
ཡང་བཞུགས་སྒར་དུ་ཆགས་པའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ངག་དབང་ཁྲི་རལ་ལགས་ཀྱིས། ད་རེས་ཁྲིམས་འཆར་དེ་གཏན་འབེབས་གནང་ཐུབ་པ་དེས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོར་སེམས་ཤུགས་དང་རེ་བ་འཕར་མ་ཞིག་སྤྲོད་ཡོད་པ་ངོས་འཛིན་གནང་གི་འདུག
གཞན་ཡང་ཁྲིམས་འཆར་དེ་གཏན་འབེབས་གནང་པའི་རྗེས་འདི་ཚེས་༢༢ཉིན་རྒྱ་ནག་གཞུང་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝན་བྷིན་(Wang Wenbin)གྱིས། བོད་དང་ཐེ་ཝན། ཧོང་ཀོང་བཅས་ནི་རྒྱ་ནག་ནང་ལོགས་ཀྱི་གནད་དོན་ཞིག་ཡིན་པ་ལས་ཕྱི་ཕྱོགས་ཀྱི་ཐེ་བྱུས་ལ་ངོས་ལེན་མེད་ཅེས་དང་། ཨ་རི་གཞུང་ཕྱོགས་ནས་ང་ཚོའི་རྒྱལ་ནང་གི་གནད་དོན་ལ་ཐེ་བྱུས་བྱ་རྒྱུ་མཚམས་འཇོག་དགོས་ཤིང་། རྒྱ་ནག་ལ་དམིགས་སུ་བཀར་ནས་ཁྲིམས་འཆར་འདི་ལྟར་ཞིག་ལག་བསྟར་བྱས་པ་ཡིན་ན། རྒྱ་ནག་གི་ཁེ་ཕན་ལ་གནོད་སྐྱོན་འགྲོ་བའི་ཁར། ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཡང་གནོད་ཀྱི་ཡོད་པ་བརྗོད་བྱས་འདུག འོན་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས། ཁྲིམས་འཆར་དེ་གཏན་འབེབས་གནང་བ་དེས་བོད་མི་ས་ཡ་དྲུག་དང་བོད་མིའི་རང་དབང་འཐབ་རྩོད་བཅས་ལ་ཨ་རི་ཕྱོགས་ནས་རྒྱབ་སྐྱོར་ཤུགས་ཆེན་ཡོད་པ་བརྡ་ལན་ཡིན་ཞེས་རྒྱ་གར་གྱི་(News X)གསར་སྤེལ་ཁང་ལ་འགྲེལ་བརྗོད་གནང་འདུག།