ཨ་རིའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་གཏན་འབེབས།

2020.12.22
ཨ་རིའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་གཏན་འབེབས། ཨ་རིའི་གྲོས་ཚོགས་ནས་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་གཏན་འབེབས།
ཨེ་ཨེཕ་པི།

ཨ་རིའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་ ༢༠༢༠ འདི་བཞིན་ཕྱི་ཟླ་ ༡༢ ཚེས་ ༢༡ ཉིན་ཨ་རིའི་གྲོས་ཚོགས་གོང་མ་ནས་གཏན་འབེབས་གནང་འདུག ཁྲིམས་འཆར་འདི་ནི་དེ་སྔོན་བོད་ཀྱི་སྲིད་བྱུས་ཁྲིམས་ཡིག་༢༠༠༢ ཞེས་པ་དེར་ཁ་སྣོན་དང་ཚད་མཐོ་རུ་བཏང་པ་ཞིག་ཡིན་འདུག་ཅིང་། ཁྲིམས་འཆར་འདི་གྲོས་ཚོགས་འོག་མའི་ནང་འདི་ལོ་དབྱར་དུས་སུ་ཚད་མཐོའི་མང་མོས་ཀྱི་རྒྱབ་སྐྱོར་ཐོབ་པའི་ཐོག་ནས་གཏན་འབེབས་ཟིན་ན་ཡང་། གྲོས་ཚོགས་གོང་མའི་ནང་གཏན་འབེབས་མ་ཐུབ་པར་ཟླ་བ་འགའ་ཤས་ལུས་ཡོད་པ་རེད།

ད་རེས་ཀྱི་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་འདི་ཨ་རིའི་གཞུང་གི་ ༢༠༢༡ ལོའི་སྔོན་རྩིས་འཆར་འབུལ་གྱི་ཁྲིམས་འཆར་ཁོངས་སུ་ཟླ་བསྒྲིལ་བཏང་གནང་པ་ཞིག་ཡིན་པ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་། བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་འབྱུང་ཐབས་ཐད་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་དེང་སྐབས་ཕེབས་བཞུགས་སུ་ཡོད་པ་དང་། དེ་སྔོན་ཡང་ཐེངས་མ་འགའ་ཤས་ཆེད་ཕེབས་གནང་ཡོད་པ་རེད།

ཁྲིམས་འཆར་འདི་ནི་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་གལ་ཆེ་ཤོས་གྲས་སུ་ངོས་འཛིན་གནང་གི་འདུག་ལ། ལས་དོན་འདིའི་ཐད་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཞུ་གཏུགས་ཀྱི་ལས་འགུལ་ཆེན་པོ་གནང་ཡོད་འདུག་ལ། ཨ་རིའི་མི་སེར་ཡིན་པ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཀྱང་རང་ཉིད་གནས་ཡུལ་གྱི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་བརྒྱུད་ཞུ་གཏུགས་ཀྱི་ལས་དོན་རིམ་པ་སྤེལ་ཡོད་འདུག

ཨ་རིའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་དོན་ཚན་ཁག་ནི།

 

  • ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་དབུས་པའི་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ཀྱི་གནད་དོན་དེ་ཆོས་ལུགས་ཀྱི་གནད་དོན་ཞིག་ཡིན་སྟབས། བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་སྲོལ་རྒྱུན་བཞིན་ལག་བསྟར་བྱ་དགོས་པ།

 

  • གལ་སྲིད་ཡང་སྲིད་ངོས་འཛིན་ཞུ་བའི་རྒྱུད་རིམ་ཁྲོད་རྒྱ་ནག་གཞུང་དང་དཔོན་རིགས་ནས་ཐེ་བྱུས་བྱས་ཚེ་ཨ་རིའི་གཞུང་གིས་དེའི་ཐོག་དཔལ་འབྱོར་དང་། ཚོང་དོན། ཐོངས་མཆན་(visa)་སོགས་བཀག་སྡོམ་གྱི་ཉེས་ཆད་གཅོད་རྒྱུ།

 

  • ཨ་རིའི་ཕྱི་སྲིད་ལས་ཁང་གི་བོད་དོན་འབྲེལ་མཐུད་པའི་ལས་འགན་ནུས་བ་ཆེ་རུ་བཏང་ནས་འཛམ་གླིང་ཡུལ་གྲུ་གཞན་དང་འབྲེལ་ལམ་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་བོད་ཀྱི་དབུ་ཁྲིད་དང་། རྒྱ་ནག་གི་དཔོན་རིགས་དབར་གྲོས་མོལ་སླར་གསོ་ཡོང་ཐབས་བྱ་རྒྱུ།

 

  • ཨ་རིའི་ཕྱི་སྲིད་དང་ཚོང་དོན་ལས་ཁང་གིས་བོད་ནང་ལས་གཉེར་བྱེད་མཁན་གྱི་ཨ་རིའི་ཚོང་དོན་ཁང་ཚོས་བོད་མིའི་རིག་གཞུང་ལ་སྲུང་བརྩི་དང་ཁོར་ཡུག་ལ་སྲུང་སྐྱོབ་བྱ་དགོས་པའི་བཀའ་གཏོང་རྒྱུ།

 

  • བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཨ་རིའི་གཞུང་ཚབ་ཡན་ལག་་ལས་ཁང་གསར་འཛུགས་མ་ཐུབ་བར་ཨ་རིའི་ནང་རྒྱ་ནག་གི་གཞུང་ཚབ་ཡན་ལག་ལས་ཁང་གསར་བཙུགས་བྱ་འཇུག་རྒྱུ་མིན་པ།

 

  • ཨ་རིའི་ཕྱི་སྲིད་ལས་ཁང་གིས་རྒྱལ་ཁབ་གཞན་དང་མཉམ་དུ་བོད་ཀྱི་ཁོར་ཡུག་དང་རང་བྱུང་སྐྱེ་དངོས་སོགས་ལ་སྲུང་སྐྱོབ་ཀྱི་ལས་དོན་སྤེལ་རྒྱུ།

 

  • བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་དམངས་གཙོའི་ལམ་ལུགས་གྱི་འཛིན་སྐྱོང་ལ་རྒྱབ་སྐྱོར་གནང་རྒྱུ།

 

  • བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་ཨ་རི་གཞུང་གིས་དཔལ་འབྱོར་རོགས་རམ་གནང་བཞིན་པ་རྒྱུན་སྐྱོང་རྒྱུ་ཡིན་པ་བཅས་བཀོད་ཡོད་པ་རེད།།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎