བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་སུ་བསྐྱོད་ཐབས་འབད་བརྩོན་མཐའ་འཁྱོངས་བྱ་དགོས་པའི་སྐུལ་འདེད་བྱས་འདུག
ཕྱི་ཟླ་ ༡ ཚེས་ ༣༡ སྟེ་བོད་ཀྱི་ལོ་གསར་གྱི་སྔ་ནུབ་ཏུ་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝང་ཅུན་ཀྲེང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ལྷ་ལྡན་གཙུག་ལག་ཁང་དང་ར་མོ་ཆེ་གཙུག་ལག་ཁང་དུ་ལྟ་ཞིབ་ཏུ་བསྐྱོད་ནས་ཆོས་ལུགས་ལས་དོན་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་བརྒྱབ་སྟེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་སུ་བསྐྱོད་ཐབས་ལ་འབད་བརྩོན་མཐའ་འཁྱོངས་བྱ་དགོས་པ་དང་། དགོན་སྡེ་དོ་དམ་གྱི་ལས་དོན་འཐུས་སྒོ་ཚང་དུ་གཏོང་བ། དགོན་སྡེ་དོ་དམ་ཚད་ལྡན་དང་། ཞིབ་ཚགས་བཅས་ཀྱི་ལས་དོན་སྒྲུབ་དགོས་ཟེར་ནན་བཤད་སྐུལ་འདེད་བྱས་ཡོད་འདུག
དེ་ཡང་ཝང་ཅུན་ཀྲེང་གིས་དགོན་སྡེའི་རྒྱུན་གཏན་གྱི་སྒྲིག་ཁྲིམས་ལྟར་སྲུང་སྐྱོབ་བྱེད་དགོས་ཟེར་ཏེ། རིམ་པ་ཁག་དང་སྡེ་ཚན་ཁག་གིས“དུས་ཆེན་གཉིས་”རིང་གི་བདེ་འཇགས་བརྟན་ལྷིང་ལས་དོན་རང་འགུལ་ངང་ཡག་པོ་བསྒྲུབས་ནས་ལྷོད་གཡེང་དུ་མི་སོང་བར་དམག་འཐབ་བྱེད་པའི་སྤྱོད་ཚུལ་རྣམས་རྒྱུན་འཁྱོངས་བྱས་ཏེ་སྤྱི་ཚོགས་བརྟན་ལྷིང་ཡོང་བ་བྱེད་དགོས་ཞེས་ཀྲུང་གོའི་བོད་ལྗོངས་དྲ་བ་ཟེར་བས་ཕྱི་ཟླ་ ༢ ཚེས་ ༢ ཉིན་གནས་ཚུལ་བཀོད་འདུག་པས། བོད་སར་བརྟན་ལྷིང་ཞེས་པ་ནི་རྒྱ་ནག་གི་ཆབ་སྲིད་འགོ་ཁྲིད་ཀྱི་དབང་ཆ་སྲ་བརྟན་གཏོང་བའི་རྩ་བར་ངོས་འཛིན་བྱེད་ཀྱི་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་ཀྱི་ཡོད་ལ། ཝང་གིས་ད་དུང་། འབྱུང་རྩ་བཅོས་སྒྲིག་ཀྱི་ལས་དོན་ཤུགས་ཆེ་རུ་བཏང་ནས་གནས་ཚུལ་སྔོན་བརྡ་དང་འཕྲལ་དུ་ཐག་གཅོད་བྱ་དགོས་སོགས་ལས་ཀའི་བྱེད་ཐབས་རྣམས་དོན་འཁྱོལ་ཡོང་བ་བྱས་ནས་སྤྱི་ཚོགས་བརྟན་ལྷིང་ལ་ཁྱོན་ཡོངས་ནས་སྔོན་འགོག་དང་ཚོད་འཛིན་བཅས་བྱ་དགོས་ཟེར། བོད་ཀྱི་ལོ་གསར་གོང་ལ་ལྷ་སའི་ནང་གི་བོད་མི་མཆོད་མཇལ་དུ་འདུ་འཛོམས་བྱེད་ས་ཁག་ཏུ་ངོ་རྒོལ་རིགས་མི་ཡོང་བའི་སྔོན་འགྲོའི་གྲ་སྒྲིག་གི་ལས་དོན་སྤེལ་བཞིན་ཡོད་པ་དང་། བོད་ཀྱི་ལོ་གསར་དང་ཆོ་འཕྲུལ་སྨོན་ལམ་སོགས་བོད་མིའི་ཆོས་ཕྱོས་ཀྱི་དུས་ཆེན་ཁག་ཏུ་འདུ་འཛོམས་ཆེ་བའི་སྐབས་སུ་རྒྱ་ནག་དམར་ཤོག་གཞུང་གིས་ལྷ་སར་དྭོགས་ཟོན་དང་། ས་ཚིགས་ཁག་ཏུ་འགག་སྒོ་བཙུགས་ནས་བོད་མི་མཆོད་མཇལ་བར་དུས་ནས་དུས་སུ་ལྟ་བཤེར་དོ་དམ་བྱེད་ཀྱི་ཡོད་པ་རེད།
བོད་ནང་མཚོན་ན་ཕྱི་ལོ་ ༡༩༨༧ ནས་འགོ་བཙུགས་ཏེ་ལོ་གསུམ་རིང་སེ་འབྲས་དགའ་གསུམ་གྱི་དགེ་བཙུན་རྣམས་ཀྱིས་གཙོས་བོད་མི་ཚོས་གཞི་རྒྱ་ཆེ་བའི་བོད་ལ་རང་དབང་དགོས་པའི་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་ཅིང་། དེ་དུས་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་སུ་མི་ཚོགས་ཕོན་ཆེ་འདུ་འཛོམས་སྐབས་དགེ་འདུན་པ་ཚོས་བོད་རང་བཙན་དགོས་པ་དང་། རྒྱ་མི་བོད་ནས་ཕྱིར་ལོག་དགོས་པའི་སྐད་འབོད་དང་། ཡིག་ཆ་བཀྲམ་པ་སོགས་ལས་འགུལ་རིམ་པར་རྒྱུན་མི་ཆད་པ་སྤེལ་ཏེ། མཐར་སྐབས་དེའི་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཧུ་ཅིན་ཐའོས་ཕྱི་ལོ་ ༡༩༨༩ ལོར་བོད་ནང་དྲག་པོའི་བཀག་རྒྱ་བསྡམས་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད།
ལྷ་སར་བོད་མིའི་གཞི་རྒྱ་ཆེ་བའི་ངོ་རྒོལ་དེ་བྱུང་ནས་ད་ཆ་ལོ་ངོ་ ༣༥ ལྷག་སོང་བའི་དུས་འདིར། བོད་མི་ཚོས་ངོ་རྒོལ་རིགས་བྱུང་བའི་རྒྱ་ནག་གཞུང་གིས་དྭོགས་ཟོན་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་བཀོད་སྒྲིག་ལྟར་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་སུ་བསྐྱོད་ཐབས་མཐའ་འཁྱོངས་ཡོང་ཐབས་བྱ་དགོས་པའི་སྐོར་ཝང་ཅུན་ཀྲེང་གིས་ནན་བཤད་བྱེད་ཀྱི་ཡོད་པ་རེད།
ཕྱོགས་མཚུངས་ ༢༠༢༤ ཟླ་ ༡ ཚེས་༢༢ ཉིན་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་གི་དམར་ཤོག་ལས་བྱེད་པ་ཚོས་ས་ཁུལ་དེའི་དགོན་སྡེ་ ༣༥ ཙམ་གྱི་ནང་ལྟ་ཞིབ་ཏུ་བསྐྱོད་ནས་ལོ་གསར་གྱི་འཚམས་འདྲི་བྱས་པ་དང་འབྲེལ་གྲྭ་བཙུན་ཚོར་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་སློབ་གསོ་དྲིལ་བསྒྲགས་བྱས་པ་མ་ཟད་། མུ་འཐུད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཁ་བྲལ་བའི་བྱ་སྤྱོད་ཐེར་བཏོན་བྱེད་དགོས་སྐོར་སྐུལ་མ་བྱས་ཡོད་པ་རེད།
སྤྱིར་རྒྱ་ནག་གཞུང་གིས་བོད་ཀྱི་ལོ་གསར་དང་དུས་ཆེན་ཁག་ལ་བོད་ནང་གི་དགོན་སྡེ་ཁག་གི་འགོ་ཁྲིད་དང་། ཤེས་ཡོན་ཅན་པ་སོགས་མི་མང་གིས་གུས་བརྩི་ཞུ་ཡུལ་མི་སྣ་ཚོར་འཚམས་འདྲི་བྱེད་པ་དང་ཆབས་ཅིག་རྒྱ་ནག་གཞུང་གི་ཁ་ལ་ཉན་དགོས་པའི་སློབ་གསོ་ལས་འགུལ་སྤེལ་བཞིན་ཡོད་པ་ནི། རྒྱ་ནག་གཞུང་འབྲེལ་གསར་ལམ་དུ་དཔལ་ཡུལ་རྫོང་གིས་འདི་ལོ་ཡུལ་དེའི་དགོན་སྡེ་ཁག་གི་བླ་མ་མཁན་པོ་བཅུ་གྲངས་ཤིག་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུར་ཆེད་འབོད་ཀྱིས། ལོ་གསར་གསོལ་སྟོན་ཟེར་བ་དང་འབྲེལ་ཡུལ་དེའི་དགོན་སྡེ་ཁག་གི་གྲྭ་བཙུན་ཚོས་རྒྱལ་གཅེས་ཆོས་གཅེས་དང་། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་དགོས་པ་དང་། ཁ་བྲལ་ལ་ངོ་རྒོལ་དགོས་པ་སོགས་ཀྱི་སློབ་གསོ་སྤེལ་ཡོད་པ་མ་ཟད། དགོན་སྡེ་ཁག་ཏུ་ལོ་གསར་གུང་སེང་སྐབས་ཆབ་སྲིད་ཀྱི་སློབ་གསོར་སློབ་སྦྱོང་བྱེད་དགོས་པའི་དྲིལ་བསྒྲགས་དེབ་ ༣༦༠༠ ལྷག་འགྲེམས་སྤེལ་སོགས་བྱས་ཡོད་པ་དཔལ་ཡུལ་རྫོང་འཐབ་ཕྱོགས་གཅིག་འགྱུར་ཁང་གི་སྐད་འཕྲིན་ཐོག་བཀོད་འདུག
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།