བོད་ཀྱི་རྒྱལ་ས་ལྷ་ས་ནས་བལ་ཡུལ་བར་གྱི་ཐད་ཀར་གནམ་གྲུ་གཉིས་པ་དེ་འགོ་བཙུགས་འདུག

2025.03.31
བོད་ཀྱི་རྒྱལ་ས་ལྷ་ས་ནས་བལ་ཡུལ་བར་གྱི་ཐད་ཀར་གནམ་གྲུ་གཉིས་པ་དེ་འགོ་བཙུགས་འདུག བོད་ཀྱི་རྒྱལ་ས་ལྷ་ས་ནས་བལ་ཡུལ་གྱི་གྲོང་ཁྱེར་ཆེ་ཤོས་གཉིས་པ་པོ་ཁ་ར་བར་གྱི་ཐད་ཀར་གནམ་གྲུ་ཐེངས་དང་པོ་དེ་ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༣༡ ཉིན་འགོ་འཛུགས་བྱས་ཡོད། ཧི་མ་ལ་ཡ་གནམ་གྲུ་ཚོགས་པས་གཉེར་བའི་ཐད་ཀར་འགྲུལ་བཞུད་འདི་ནི་བོད་དང་བལ་ཡུལ་དབར་གྱི་ཐད་ཀར་གནམ་གྲུ་གཉིས་པ་དེ་ཆགས་ཡོད། དང་པོ་དེ་ཕྱི་ལོ་ ༢༠༢༣ ཟླ་ ༡༢ ནང་ཀ་ཋ་མན་གྲུ་བར་འགོ་འཛུགས་བྱས་ཡོད།
Xinhua

བོད་དང་བལ་ཡུལ་བར་ཐད་ཀར་གནམ་གྲུའི་ལས་གཞི་སྤེལ་བཞིན་པ་དེ་ནི་རྒྱ་ནག་གིས་ལྷོ་ཨེ་ཤེ་ཡའི་ནང་དུ་དབང་ཤུགས་རྒྱ་སྐྱེད་བྱ་ཆེད་ཡིན་པ་གནད་དོན་དབྱེ་ཞིབ་པས་འགྲེལ་བརྗོད་གནང་གི་འདུག

འདི་ཚེས་ ༣༡ རེས་གཟའ་ཟླ་བའི་ཉིན། བལ་ཡུལ་ཧི་མ་ལ་ཡ་མཁའ་འགྲུལ་ཚོང་གཉེར་ཁང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ནས་བལ་ཡུལ་གྱི་གྲོང་ཁྱེར་པོ་ཁ་ར་ (Pokhara) དབར་གྱི་ཐད་ཀར་གནམ་གྲུ་དང་པོ་དེ་འཕུར་འགོ་བཙུག་འདུག་ཅིང་། གནམ་གྲུ་དེ་ཉིད་བོད་བལ་གཉིས་དབར་གྱི་ཐད་ཀར་གནམ་གྲུ་གཉིས་པ་དེ་ཆགས་ཡོད།

དེ་ཡང་རྒྱ་ནག་གཞུང་འབྲེལ་གསར་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། བོད་ཀྱི་རྒྱལ་ས་ལྷ་སའི་གོང་དཀར་གནམ་ཐང་ནས་བལ་ཡུལ་གྲོང་ཁྱེར་ཆེ་གྲས་པོ་ཁ་ར་རྒྱལ་སྤྱིའི་གནམ་ཐང་དབར་གྱི་ཐད་ཀར་གནམ་གྲུ་ཐོག་མ་དེའི་ནང་འགྲིམ་འགྲུལ་བ་ ༡༠༧ འབྱོར་ཡོད་པ་དང་། གནམ་གྲུ་དེ་བཞིན་རེས་གཟའ་ཟླ་བ་ཆ་ཅན་ཉིན་རྒྱབ་ཆུ་ཚོད་ ༡:༡༥ ཐོག༌ལྷ་ས་ནས་འཕུར་འགོ་བཙུག་ནས་ཆུ་ཚོད་གསུམ་པའི་ཐོག་པོ་ཁ་ར་རུ་འབྱོར་གྱི་ཡོད་པ་དང་། དེ་ནས་རེས་གཟའ་མིག་དམར་འཆར་ཅན་སྔ་དྲོ་ཆུ་ཚོད་ ༡༠་༣༥ ནས་ ༡༢་༠༥ བར་ཕྱིར་ལྷ་སར་ཕྱིར་ལོག་བྱ་རྒྱུ་ཡིན་པ་བསྒྲགས་ཡོད་ཅིང་། རྒྱལ་ཁབ་འདི་གཉིས་དབར་གྱི་ཐད་ཀར་གནམ་གྲུ་དང་པོ་དེ་བོད་ཀྱི་རྒྱལ་ས་ལྷ་ས་ནས་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུ་བར་དེ་ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༢༨ ཉིན་ནས་འགོ་བཙུགས་ཡོད་པ་རེད། 

WhatsApp Image 2025-03-31 at 22.45.17_1a99df51.jpg
ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་གསལ་བསྒྲགས་ནང་བལ་ཡུལ་པོ་ཁ་ར་བར་བསྐྱོད་པའི་ཧི་མ་ལ་ཡ་གནམ་གྲུའི་འཕུར་དུས་འཁོད། འདི་ནི་༢༠༢༥ ཟླ་༣ ཚེས་༣༡ ཉིན་འགོ་འཛུགས་བྱས་པའི་ཐད་ཀར་གནམ་འགྲུལ་གསར་པ་ཞིག་ཡིན། (Chinese State Media)

བལ་ཡུལ་གྱི་རིག་གནས་དང་ཡུལ་སྐོར། དམངས་སྤྱོད་མཁའ་འགྲུལ་གྱི་བློན་ཆེན་ཨ་རུན་ཀུ་མཱར་ (Arun Kumar Chaudhary) གྱིས་པོ་ཁ་ར་གྲོང་ཁྱེར་དེ་བཞིན་ཡུལ་སྐོར་སྤྲོ་འཆམ་གྱི་ཡུལ་ལྗོངས་ཤིག་ཏུ་འགྱུར་བར་མཉམ་ཞུགས་གནང་མཁན་ཚང་མར་འཚམས་འདྲི་དང་སྦྲགས། བལ་ཡུལ་དུ་ཡོད་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཅེན་སོང་ (Chen Song) གིས་ལྷ་ས་ནས་པོ་ཁ་རར་འབྱོར་བཞིན་པའི་གནམ་གྲུ་ཐོག་མ་དེའི་བརྙན་ཐུང་ཞིག་སྤྱི་ཚོགས་དྲ་རྒྱ་(X) སྟེང་སྤེལ་བ་དང་སྦྲགས། བལ་ཡུལ་དང་རྒྱ་ནག་གཉིས་ཀྱི་འབྲེལ་མཐུད་དང་མཛའ་གྲོགས་ཐད་གོམ་པ་ཆེན་པོ་ཞིག་སྤོས་ཡོད་སྐོར་བཤད་ཡོད་ཀྱང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས། ད་ཆ་བལ་ཡུལ་ལ་ཨ་རིའི་རོགས་ཚོགས་བརྒྱུད་དེ་སྔ་དངུལ་གང་འཚམ་ཞིག་ཡོད་པ་དེ་མཚམས་ཆད་པ་མ་ཟད། ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང་ལྷན་དེ་སྔ་བཞིན་འབྲེལ་ལམ་བཟང་པོ་མེད་པའི་སྐབས་འདིར། རྒྱ་ནག་གིས་གོ་སྐབས་བཟུང་ནས་འཛུགས་སྐྲུན་སོགས་ཀྱི་ལས་གཞི་མང་དག་བརྒྱུད་གྲོགས་འདྲིས་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་ངོས་ནས་རང་གི་ཁེ་ཕན་ཆེད་མ་གཏོགས་དངོས་སུ་བལ་ཡུལ་ལ་ཤ་ཚའི་ཐོག་ནས་ཕན་ཐོགས་བྱ་རྒྱུའི་བསམ་བློ་རྩ་བ་ནས་མེད་པ་མ་ཟད། བལ་ཡུལ་ནས་འགོ་བཙུགས་ནས་ལྷོ་ཨེ་ཤེ་ཡའི་ནང་དབང་ཤུགས་རྒྱ་སྐྱེད་བྱ་རྒྱུའི་འཆར་གཞི་ཡོད་སྟབས། བལ་ཡུལ་གྱིས་བོད་ནང་རྒྱ་མིའི་གཉའ་གནོན་སྐོར་ཆ་ཚང་ཤེས་རྟོག་བྱུང་བཞིན་དུ་སྡིག་པ་མིག་བཙུམ་བྱས་ནས་འཕྲལ་གྱི་ཁེ་ཕན་ལ་བློ་འགུག་ན། ཕུགས་ལ་བོད་ནང་བཞིན་རྒྱ་ནག་གཉའ་གནོན་འོག་ཚུད་ངེས་རེད་ཅེས་འགྲེལ་བརྗོད་གནང་བྱུང་།

དེ་རིང་ལྷ་ས་ནས་པོ་ཁ་ར་བར་གནམ་འགྲུལ་འགོ་བཙུགས་པ་ནི་ཟླ་བ་འདིའི་ནང་གི་རྒྱ་གཞུང་འོག་གི་མངའ་ཁུལ་ནས་པོ་ཁ་ར་བར་གནམ་འགྲུལ་འགོ་བཙུགས་པ་གཉིས་པ་དེ་ཡིན་ཞིང་། དེ་སྔ་ཟླ་ ༣ ཚེས་ ༡༨ ཉིན་རྒྱ་ནག་གི་གྲོང་འཁྱེར་ཁྲིན་དུའུ་(Chengdu)ནས་པོ་ཁ་ར་བར་གནམ་གྲུ་འཕུར་འགོ་ཚུགས་ཟིན་ཡོད།

WhatsApp Image 2025-03-31 at 22.44.57_42895d9d.jpg
ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་གསལ་བསྒྲགས་ནང་བལ་ཡུལ་པོ་ཁ་ར་བར་བསྐྱོད་པའི་ཧི་མ་ལ་ཡ་གནམ་གྲུའི་འཕུར་དུས་འཁོད། འདི་ནི་༢༠༢༥ ཟླ་༣ ཚེས་༣༡ ཉིན་འགོ་འཛུགས་བྱས་པའི་ཐད་ཀར་གནམ་འགྲུལ་གསར་པ་ཞིག་ཡིན། (Chinese State Media)

པོ་ཁ་ར་ནི་བལ་ཡུལ་གྱི་མི་འབོར་མང་ཤོས་གཉིས་པའི་གྲོང་འཁྱེར་ཞིག་ཡིན་པ་མ་ཟད། འདིར་ཡོད་གནམ་ཐང་དེ་ནི་རྒྱ་ནག་གི་ཨ་སྒོར་ས་ཡ་ ༢༡༥ ལྷག་གི་འགྲོ་གྲོན་བུན་གཡར་འོག་འཛུགས་བསྐྲུན་བྱས་ནས་ཕྱི་ལོ་ ༢༠༢༣ ལོར་གྲུབ་འདུག་ཅིང་། ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས། དེ་ལྟ་བུའི་འཛུགས་བསྐྲུན་མང་དག་ཅིག་བརྒྱུད་གཅིག་ལམ་གཅིག་ལས་གཞིའི་རྣམ་གྲངས་འོག་སྒྲུབ་བཞིན་ཡོད་པ་དང་། སྤྱིར་བརྒྱུད་གཅིག་ལམ་གཅིག་དེ་ཚོང་འབྲེལ་ཡར་རྒྱས་གཏོང་སླད་འཛམ་གླིང་ནང་གི་འཛུགས་བསྐྲུན་གྱི་ལས་གཞི་དམིགས་ཚད་མཐོ་ཤོས་སུ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། རྒྱ་ནག་གིས་ལས་གཞི་དེ་རྒྱ་ནག་གི་ཕྱི་འབྲེལ་སྲིད་བྱུས་ཐོག་ནས་གལ་གནད་ཆེན་པོ་ཆགས་ཡོད་སྟབས། ལྷོ་ཨེ་ཤེ་ཡའི་ནང་ལས་གཞི་དེ་སྤེལ་བར་ཕྱོགས་མང་པོ་ནས་དཀའ་ངལ་ཡོད་པས། བལ་ཡུལ་བརྒྱུད་ནས་རྒྱ་ནག་གིས་ལྷོ་ཨེ་ཤེ་ཡའི་ནང་སྤེལ་བར་འབད་རྩོལ་བསྟུད་པར་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།

སྤྱིར་བལ་ཡུལ་ནི་རྒྱ་ནག་ལ་ཤུགས་ཆེན་པོ་རྟེན་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། རྒྱལ་ཁབ་ཆུང་ངུ་དེའི་ནང་རྒྱ་གཞུང་གི་ཤུགས་རྐྱེན་ཆེན་པོ་ཡོད་པ་ནི་བལ་ཡུལ་གཞུང་གིས་རྒྱ་ནག་གིས་བཙན་འགེལ་ལྟར་བོད་ལ་ཨིན་སྐད་དུ་ (Tibet) ཚབ་ཏུ་ཤི་ཙང་ཞེས་བཀོལ་སྤྱོད་བྱས་ཡོད་ལ། ཕྱི་ལོ་ ༢༠༢༤ ཟླ་ ༡༢ ནང་། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ཞི་ཅིན་ཕིང་དང་(KP Sharma Oli) དབར་གྱི་ཐུག་འཕྲད་རྗེས་ཀྱི་བསྒྲགས་གཏམ་ནང་། བོད་དང་འབྲེལ་བའི་གནད་དོན་རྣམས་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཡིན་པས། དེ་དང་འབྲེལ་བའི་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རིགས་བལ་ཡུལ་གྱི་ས་སྟེང་ནས་སྤེལ་འཇུག་རྒྱུ་མིན་པའི་ཁས་ལེན་བྱས་ཡོད། །

གསར་འགོད་པ། བསྟན་འཛིན་ནོར་འཛོམས། 

རྩོམ་སྒྲིག་པ། བསྟན་འཛིན་པདྨ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎