རྩིབས་རི་ལོ་པཎ་སྤྲུལ་སྐུ་ངག་དབང་མཆོག་གྲུབ་ལགས་བལ་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་དམ་འབྲེལ་མཐུད་པར་བསྐོ་བཞག་གནང་འདུག
དེ་ཡང་ཕྱི་ཟླ་༠༨པའི་ཚེས་༡༩ཉིན་བཀའ་དྲུང་ཡིག་ཚང་གི་གསལ་བསྒྲགས་ལྟར་ན། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་བཅུ་དགུ་པའི་ནང་གསེས་༡པོའི་དགོངས་དོན་བཞིན་ཕྱིའི་རྒྱལ་ཁག་གི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམས། སྲིད་སྐྱོང་དང་བཀའ་བློན་ཚང་འཛོམས་ཞིབ་གྲོས་དྲག་འདེམས་ཀྱིས་བཀའ་ཤག་ནས་བསྐོ་འཛུགས་གནང་བར་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་སྩལ་རྒྱུ། ཞེས་གསལ་བ་ལྟར་རྩིབས་རི་ལོ་པཎ་སྤྲུལ་སྐུ་ངག་དབང་མཆོག་གྲུབ་ལགས་བལ་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་དམ་འབྲེལ་མཐུད་པར་བསྐོ་གཞག་བསྩལ་དོན་ལྟར། ཕྱི་ལོ་༢༠༢༢ཕྱིཟླ་༠༩ཚེས་༡༩ནས་ལས་དོན་འགོ་འཛུགས་གནང་རྒྱུ་ཡིན་པ་རེད་འདུག
རྩིབས་རི་ལོ་པཎ་སྤྲུལ་སྐུ་ངག་དབང་མཆོག་གྲུབ་ལགས་ཀྱིས་དེ་སྔ་བལ་ཡུལ་མཆོད་འཇོར་ས་གནས་འགོ་འཛིན་གྱི་ཐུགས་འགན་བཞེས་མྱོང་ཡོད་པ་རེད།
དེང་སྐབས་བལ་ཡུལ་ནང་དུ་བོད་མི་ཁྲི་གཅིག་ལྷག་གནས་སྡོད་བྱེད་བཞིན་པའི་ཚོད་དཔག་གནང་གི་ཡོད་པ་དང་། བལ་ཡུལ་ནང་བོད་མི་ཚོ་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་(RC)་སྤྲོད་མཚམས་བཞག་ནས་བོད་མི་མང་པོར་དཀའ་ངལ་འཕྲད་བཞིན་པ་དང་། བོད་མི་ཚོའི་སྨྲ་བརྗོད་རང་དབང་དང་། ཆོས་དད་རང་དབང་། འདུ་འཛོམས་རང་དབང་སོགས་ཀྱི་ཐད་བལ་ཡུལ་གཞུང་གིས་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།