བལ་བོད་ས་མཚམས་སྒོ་རྒྱབ་པའི་རྐྱེན་གྱིས་བལ་ཡུལ་གྱི་མཐའ་མཚམས་ཡུལ་མི་ཚོར་དཀའ་ངལ་འཕྲད་བཞིན་ཡོད་འདུག

འདས་བའི་ལོ་ཤས་རིང་བལ་བོད་ས་མཚམས་སྒོ་རྒྱབ་པའི་རྐྱེན་གྱིས་དོལ་པོ་བྷུ་དྷ་དང་ཤེལ་ཕོག་གསུམ་ཐོ་སོགས་བལ་ཡུལ་མཐའ་མཚམས་ཀྱི་ས་གནས་ཡུལ་མིའི་འཚོ་བར་དཀའ་ངལ་འཕྲད་བཞིན་ཡོད་འདུག

དོལ་པོ་ས་མཚམས་སུ་ཡོད་པའི་འགག་སྒོ། མཐུན་འགྱུར་པར་རིས།/RFA

འདས་པའི་ལོ་ངོ་གསུམ་ཙམ་ནས་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་བལ་ཡུལ་དང་བོད་ཀྱི་ས་མཚམས་འགག་སྒོ་རྒྱབ་པར་བརྟེན། བལ་ཡུལ་གྱི་མཐའ་མཚམས་སུ་ཆགས་པས་དོལ་པོ་བྷུ་དྷ་དང་། ཤེལ་ཕོག་གསུམ་ཐོ། ཤེལ་དཀར་དང་སོང་ས་གནས་སོགས་མཐའ་མཚམས་ཀྱི་ཡུལ་མི་ཚོར་དངོས་ཟོག་དང་ཚོང་ཟོག་རིགས་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཀྲོའུ་ནས་རྟ་དྲེལ་བརྒྱུད་འོར་འདྲེན་བྱ་དགོས་པར་བརྟེན། བཟའ་ཆས་རིགས་ཀྱི་གོང་ཚད་ལྡབ་གསུམ་གྱི་ཆེ་བ་སྤྲོད་དགོས་པ་སོགས་ས་གནས་ཡུལ་མིའི་ཉིན་རེའི་འཚོ་བར་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་ཡོད་འདུག
དེའི་ཐད་བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་(Huron)་ཚོགས་པའི་ཡན་ལག་ཚོགས་གཞོན་དང་། བལ་ཡུལ་གྱི་ས་མཚམས་ས་ཁུལ་གྱི་གནས་སྟངས་ཐོག་རྒྱུས་མངའ་ཡོད་མཁན་བཟང་པོ་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བཅར་འདྲི་ཞུས་པར། ཁོང་གིས་དེ་སྔ་ས་མཚམས་ཁུལ་དུ་དངོས་ཟོག་དང་ཚོང་ཟོག་རིགས། དེ་བཞིན་བཟའ་ཆས་རིགས་ཕལ་ཆེ་བ་བོད་ནས་ནང་འདྲེན་བྱེད་བཞིན་ཡོད་པ་དང་། ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཕྱིན་པའི་རྗེས་རྒྱ་ནག་གཞུང་གིས་ས་མཚམས་ཀྱི་འགག་སྒོ་རྒྱབ་པར་བརྟེན་ས་གནས་ཡུལ་མིའི་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་རེད། ལྷག་པར་དུ་འབྲོག་ལས་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན་ཡུལ་མིའི་སེམས་ཅན་འཚོ་སྐྱོང་མི་ཆོག་པའི་དམ་དྲག་གིས་ཁོང་ཚོར་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་ཡོད་པ་གསུངས་ཡོད་པ་རེད།
བལ་ཡུལ་གྱི་དལ་པོ་ནི་བོད་ཀྱི་ནུབ་ཕྱོགས་མངའ་རིས་དང་ས་འབྲེལ་ཆགས་ཀྱི་ཡོད་པ་མ་ཟད། ཕྱོགས་གཉིས་ཀྱི་མི་རིགས་བར་འབྲེལ་བ་ཆེན་པོ་ཡོད་པ་རེད་འདུག
དེ་སྔོན་(Denmark)་ནང་གི་བལ་ཡུལ་གྱི་གཞུང་ཚབ་ཟུར་པ་སྐུ་ཞབས་(Vijay Kant Karna)་ལགས་ཀྱིས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱ་ནག་གི་ཕྱོགས་ནས་ས་མཚམས་འགག་སྒོ་དུས་ཡུན་ཐུང་ཐུང་ཞིག་གི་རིང་ཕྱེ་བ་ལས་ཕལ་ཆེ་བ་སྒོ་རྒྱབ་པ་རེད། དོན་དངོས་ཐོག་བལ་ཡུལ་དང་རྒྱ་ནག་བར་ཚུལ་མཐུན་གྱི་ས་མཚམས་ཀྱི་གྲོས་མཐུན་ལྟར་ཕྱོགས་གཉིས་བར་གྱི་ས་གནས་ཡུལ་མི་ཕན་ཚུན་སྤྱི་ལེ་༣༠ཙམ་ཕར་ཚུར་འགྲོ་འོང་བྱེད་ཆོག་པ་རེད། གང་ཡིན་ཞུས་ན་ས་མཚམས་ཀྱི་ཕྱོགས་གཉིས་ལ་རྒྱལ་ཁབ་མི་འདྲ་བ་གཉིས་ཡོད་ན་ཡང་ཁུལ་དེར་གནས་སྡོད་བྱེད་མཁན་ཕྱོགས་གཉིས་ཀར་སྐད་ཡིག་དང་རིག་གཞུང་གཅིག་པའི་བོད་རིགས་གནས་སྡོད་བྱེད་བཞིན་ཡོད་པ་རེད་ཅེས་དང་། རྒྱ་ནག་གཞུང་གིས་ས་མཚམས་ཁུལ་དུ་དམ་དྲག་ལོ་བདུན་བརྒྱད་གོང་ནས་བྱེད་བཞིན་ཡོད་པ་དང་། ཏོག་དབྱིབས་ནད་ཡམས་ནི་རྒྱ་ནག་གི་ཕྱོགས་ནས་ཁ་གཡར་གཙོ་བོ་ཆགས་ཀྱི་ཡོད་པ་རེད། ང་རང་གིས་ཤེས་རྟོགས་ལྟར་ན། ད་ཆ་རྒྱ་ནག་གི་ཕྱོགས་ནས་གནད་དོན་གཞན་ཞིག་ཐོན་བཞིན་ཡོད་པ་དེ་ནི། ཕྱི་ལོ་༢༠༢༢ལོ་ནས་ཟུང་རྒྱ་ནག་གིས་ས་མཚམས་ས་ཁུལ་དུ་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེ་ཞིག་སྤེལ་བཞིན་ཡོད་པ་རེད། འདས་པའི་ལོ་ཤས་ནང་ས་མཚམས་ཁུལ་དུ་གྲོང་གསེབ་གསར་པ་མང་པོ་ཞིག་འཛུགས་སྐྲུན་གྱིས་གྲོང་གསེབ་དེ་དག་ནང་བོད་རིགས་ལས་རྒྱ་མི་རིགས་མང་བ་གནས་སྤོ་བྱེད་བཞིན་པ་དེ་ནི་རྒྱུན་ལྡན་དང་མི་འདྲ་བ་ཞིག་རེད་འདུག ངའི་བསམ་པར་ས་མཚམས་སུ་དམ་དྲག་ནི་གཙོ་བོ་ཆབ་སྲིད་ཀྱི་རྒྱུ་རྐྱེན་ལ་བརྟེན་ནས་རེད། རྒྱ་ནག་གི་ཕྱོགས་ནས་ས་མཚམས་ཁུལ་གྱི་བོད་མི་ཕན་ཚུན་འབྲེལ་ལམ་ཤུགས་ཆེ་ཡོང་པ་ཡིན་ན། བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རིགས་སྤེལ་སྲིད་པའི་དོགས་གཞིའི་འོག་ས་མཚམས་ཁུལ་དུ་ད་ཆ་དམ་དྲག་བྱེད་བཞིན་ཡོད་པ་གསུངས་བྱུང་།
རྒྱ་ནག་གཞུང་གིས་འཕགས་བོད་གཉིས་ཀྱི་ས་མཚམས་སུ་ས་མཚམས་སྲུང་སྐྱོབ་ཆེད་འཛུགས་སྐྲུན་གྱི་ལས་གཞི་མང་དག་ཅིག་སྤེལ་བཞིན་ཡོད་པའི་ཁྲོད། ཕྱི་ལོ་༢༠༡༩ནས་བཟུང་ས་མཚམས་ཁུལ་དུ་གྲོང་གསེབ་༦༢༤གསར་རྒྱག་གི་ལས་གཞི་འགོ་འཛུགས་བྱས་ཡོད་པ་རེད།
བལ་བོད་ས་མཚམས་དེ་བཞིན་རྒྱ་ནག་གཞུང་གིས་ལོ་གསུམ་གོང་ཏོག་དབྱིབས་རིམས་ནད་ཤུགས་ཆེར་ཁྱབ་གདལ་བྱུང་པ་དང་མཉམ་སྒོ་རྒྱབ་ཡོད་པ་དང་། དེ་སྔོན་ས་གནས་དེ་དག་ནང་གིས་ཡུལ་མི་ཚོས་བཟའ་ཆས་དང་དངོས་ཟོག་རིགས་ཕལ་ཆེ་བ་བོད་ནས་དབོར་འདྲེན་བྱེད་བཞིན་པ་དང་། གོང་ཚད་ཡང་དེ་ཙམ་ཆེན་པོ་མེད་པ་རེད་འདུག ས་མཚམས་སྒོ་རྒྱབ་པའི་རྐྱེན་གྱིས་ས་གནས་ཡུལ་མིའི་ཚོང་པ་ཚོ་ལ་ཡང་གྱོང་གུད་ཆེན་པོ་ཐེབས་བཞིན་ཡོད་པ་རེད་འདུག


གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org