བོད་ཀྱི་འགྲེམས་སྟོན་ཁང་གི་རྒྱ་གར་ལྷོ་ཕྱོགས་སུ་བོད་དོན་དྲིལ་བསྒྲཊ་ཀྱི་སྐོར་སྐྱོད་འགྲེམས་སྟོན་ཁྲོད་མི་གྲངས་ ༧༠༠༠ ལྷག་གིས་མཉམ་ཞུགས་གནང་འདུག
ཟླ་ ༡༢ ཚེས་ ༢ ནས་ ༡༣ བཅས་ཉིན་གྲངས་ ༡༢ རིང་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གིས་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དུ་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་དང་། སྦེང་ལོར་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་འགྲེམས་སྟོན་ཁང་། དེ་བཞིན་སྦེང་ལོར་བོད་ཁྱིམ་སྡོད་ཁང་དང་། དཱ་ཡ་ནཱན་དཱ་ས་གར་གཙུག་ལག་སློབ་གཉེར་ཁང་བཅས་ལ་བོད་དོན་དྲིལ་བསྒྲགས་དང་འབྲེལ་བའི་སྐོར་བསྐྱོད་འགྲེམས་སྟོན་ཞིག་གནང་ཡོད་པ་དང་། སྐོར་སྐྱོད་འགྲེམས་སྟོན་དེ་བཞིན་གནང་དོན་གཙོ་བོ་ནི་རྒྱལ་སྤྱིའི་ཁྲོད་བོད་དོན་དྲིལ་བསྒྲགས་དང་ལྷག་པར་རྒྱ་གར་མཐོ་སློབ་ཁག་གི་སློབ་མ་རྣམས་ནི་མ་འོངས་འགོ་ཁྲིད་ཅིག་ཏུ་གྱུར་ངེས་ཡིན་པས། ཁོང་རྣམས་ཀྱི་ཁྲོད་བོད་དོན་གོ་རྟོགས་སྤེལ་རྒྱུར་གཙོ་བོ་དམིགས་པ་ལྟར་གང་ལེགས་བྱུང་ཡོད་སྐོར། བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཡང་བསྟན་འཛིན་སྟོབས་ལྡན་ལགས་ནས་མུ་མཐུད་གསུངས་དོན་ལ། བོད་དོན་དྲིལ་བསྒྲགས་ཀྱི་སྐོར་སྐྱོད་འགྲེམས་སྟོན་དེའི་ཁྲོད། བོད་ཀྱི་འགྲེམས་སྟོན་ཁང་ནས་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པའི་མཛད་པ་འཕྲིན་ལས་དང་འཕགས་བོད་གཉིས་ཀྱི་འབྲེལ་ལམ། བོད་ཀྱི་ཤོག་དངུལ་དང་ཊམ་ཀ གཞན་ཡང་དེ་སྔ་ ༡༩༣༤ ལོའི་ (The National Geographic Magazine) ཞེས་པའི་བརྙན་དེབ་ནང་དུ་བཀོད་པའི་བོད་ཀྱི་རྒྱལ་དར་བཅས་བརྗོད་གཞི་འདྲ་མིན་ཐོག་འགྲེམས་སྟོན་གནང་ཡོད་ཅིང་། ལྷག་པར་ཐེངས་འདིར་འགྲེམས་སྟོན་ཙམ་ཞིག་མ་ཡིན་པར་བོད་ཀྱི་སྲོལ་རྒྱུན་གྱི་རིག་གཞུང་ཕྱུག་པོ་ཡོད་པ་དེ་གོ་རྟོགས་སྤེལ་བའི་སླད་དུ། རྒྱུད་སྨད་གྲྭ་ཚང་གིས་དཀྱིལ་འཁོར་བཞེངས་པ་དང་། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་ནས་སྨན་བཅོས་ལྟ་སྐྱོང་དང་རྩིས་སྐོར་ཡོད་མ་ཟད། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་རང་ནས་བོད་ཀྱི་མཐུན་མོང་མ་ཡིན་པའི་ཁ་ཟས་སྣ་མང་ཞིག་ཡང་ངོ་སྤྲོད་གནང་ཡོད་པ་སོགས་ཀྱི་བརྒྱུད་བོད་དོན་ངོ་སྤྲོད་དང་དྲིལ་བསྒྲགས་ལེགས་པར་སྤེལ་རྒྱུའི་གོ་སྐབས་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
སྟོབས་ལྡན་ལགས་ཀྱིས་གསུངས་ན། ཐེངས་འདིར་བོད་ཀྱི་འགྲེམས་སྟོན་ཁང་ངོས་ནས་བོད་དོན་དྲིལ་བསྒྲགས་ཀྱི་འགྲེམས་སྟོན་གནང་བ་དེའི་བརྒྱུད་རྒྱ་གར་བ་མི་ཉུང་བ་ཞིག་ལ་བོད་དོན་དྲིལ་བསྒྲགས་གང་ལེགས་སྤེལ་ཐུབ་པ་བྱུང་ཡོད་པ་མ་ཟད། ལྟ་སྐོར་བ་རྣམས་ཀྱི་ཁྲོད་བོད་དོན་སྐོར་ཐེངས་དང་པོ་ཤེས་རྟོགས་བྱུང་མཁན་ཡང་མི་ཉུང་བ་ཞིག་ཡོད་སྐོར་གསུངས་ཀྱི་འདུག
རྩ་བའི་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་སྐོར་སྐྱོད་འགྲེམས་བསྟོན་དེ་བཞིན་ལོ་ལྟར་རྒྱ་གར་གྱི་མཐོ་སློབ་ཁག་དང་། བོད་པའི་གཞིས་ཆགས་ཁག་ཏུ་བརྗོད་གཞི་འདྲ་མིན་འོག་འགྲེམས་སྟོན་གནང་གི་ཡོད་པ་ལྟར། ཐེངས་འདིའི་རྒྱ་གར་ལྷོ་ཕྱོགས་སུ་སྐོར་སྐྱོད་འགྲེམས་སྟོན་གནང་སྐབས། ཕ་ཡུལ་ཕྱོགས་སུ་རྒྱང་ལྟ་བྱས་པ་དང་། ༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པའི་མཛད་པ། དེ་བཞིན་འཕགས་བོད་འབྲེལ་ལམ་ཞེས་པའི་བརྗོད་གཞིའི་ཐོག་ལ་རྒྱ་གར་མཐོ་སློབ་ཀྱི་སློབ་མ་གྲངས་ ༥༠༠༠ ལྷག་ཙམ་དང་། དེ་བཞིན་ས་ར་དང་ཝཱ་ན་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་དང་ལས་བྱེད་བཅས་ཁྱོན་མི་གྲངས་ ༧༠༠༠ ལྷག་ཙམ་ལྷན་ཞུགས་ཐོག་འགྲེམས་སྟོན་གནང་རྒྱུའི་གོ་སྐབས་བྱུང་ཡོད་འདུག
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།