མེཀ་སི་ཀོ་རྒྱལ་ཁབ་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་བཙུགས་གནང་འདུག

2022.11.09
མེཀ་སི་ཀོ་རྒྱལ་ཁབ་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་བཙུགས་གནང་འདུག མེཀ་སི་ཀོ་རྒྱལ་ཁབ་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་བཙུགས་གནང་སྐབས། ༡༡།༠༨།༢༠༢༢
CTA

ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཀྱིས་ལྷོ་ཨ་མི་རི་ཀའི་ཆི་ལེའི་རྒྱལ་ཁབ་ཀྱི་གྲོས་ཚོགས་འོག་མའི་ཚོགས་གཙོ་དང་མཇལ་འཕྲད་གནང་འདུག་ལ་མེཀ་སི་ཀོ་རྒྱལ་ཁབ་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་བཙུགས་གནང་འདུག
འདི་ཚེས་༨ཉིན་མེཀ་སི་ཀོའི་གྲོས་ཚོགས་ཀྱི་འཐུས་མི་(Salvador Caro Cabrera)་ལགས་ཀྱིས་མེཀ་སི་ཀོ་(Mexico)་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་གསར་འཛུགས་གནང་བའི་གསལ་བསྒྲགས་གནང་འདུག་ཅིང་། ཁོང་གིས་ཚོགས་པ་དེའི་ཚོགས་མི་རྣམས་ངོ་སྤྲོད་གནང་བ་དང་མཉམ། རིམ་པས་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་འདེམས་སྒྲུག་གནང་རྒྱུ་ཡིན་པ་གསུངས་ཡོད་པ་དང་། སྐབས་དེར་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་གདན་ཞུ་གནང་ཡོད་འདུག
སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། མེཀ་སི་ཀོ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་པ་དེའི་ནང་གྲོས་ཚོགས་ཀྱི་འཐུས་མི་༡༩མཉམ་ཞུགས་གནང་རྒྱུའི་མཚན་རྟགས་སྐྱོན་ཡོད་པ་དང་། གསལ་བསྒྲགས་གནང་སྐབས་བོད་ཀྱི་རྒྱལ་དར་མཉམ་ཕྱར་གནང་པ་དེས་མེཀ་སི་ཀོའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་བོད་དོན་ཐད་ཐུགས་ཁུར་ཆེ་བཞེས་གནང་གི་ཡོད་པའི་རྣམ་པ་མཚོན་པ་ཞིག་ཡིན་པར་ངོས་འཛིན་གནང་གི་འདུག མེཀ་སི་ཀོའི་གྲོས་ཚོགས་ཀྱི་འཐུས་དེ་དག་གིས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ཐད་རྒྱབ་སྐྱོར་གནང་རྒྱུ་ཙམ་མ་ཟད། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཡང་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་པ་འགྲེལ་བརྗོད་གནང་བྱུང་།
ཡང་མེཀ་སི་ཀོའི་ནང་བོད་དོན་རྒྱབ་སྐྱོར་གྱི་ནུས་པ་གོང་འཕེལ་གཏོང་ཐབས་སྤྱི་དང་། ལྷག་པར་དུ་མེཀ་སི་ཀོའི་ནང་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་ཐད་ཕྱག་ལས་གནང་མཁན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ལྷོ་ཨ་མི་རི་ཀའི་འབྲེལ་མཐུད་པ་(Tereluz Florez)་ལགས་ཀྱིས། མེཀ་སི་ཀོའི་ནང་བོད་དོན་དང་འབྲེལ་ནས་གྲོས་ཚོགས་ཀྱི་འཐུས་མི་ལས་གྲུབ་པའི་ཚོགས་པ་ཞིག་གསར་འཛུགས་བྱུང་བ་ད་རེས་ཐེངས་དང་པོ་ཡིན་ཞིང་། འདི་ནི་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་མདུན་བསྐྱོད་འབྱུང་ཐབས་དང་གོ་སྐབས་གསར་པ་ཞིག་ཡིན་པ་རེད་ཞེས་དང་། ཁོང་གིས་ད་དུང་ཚོགས་པ་འདིའི་ལས་ཀ་གཙོ་བོ་ནི། གྲོས་ཚོགས་ཀྱི་འཐུས་མི་གཞན་ཚོར་བོད་དོན་གོ་རྟོགས་སྤེལ་རྒྱུ་དང་མི་དམངས་ལ་བོད་དོན་དྲིལ་བསྒྲགས་བྱེད་རྒྱུ་ཡིན་པ་གསུངས་བྱུང་།
དེའི་སྔོན་ཕྱི་ཟླ་༡༡ཚེས་༦ཉིན་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཀྱིས་ལྷོ་ཨ་མི་རི་ཀའི་ཆི་ལེའི་རྒྱལ་ཁབ་ཀྱི་གྲོས་ཚོགས་འོག་མའི་ཚོགས་གཙོ་(Vlado Mirosevic)་མཆོག་དང་མཇལ་འཕྲད་ཀྱིས། ཁོང་གྲོས་ཚོགས་འོག་མའི་ཚོགས་གཙོར་གསར་དུ་བདམས་ཐོན་བྱུང་བར་འཚམས་འདྲི་ཞུས་པ་དང་འབྲེལ། གྲོས་ཚོགས་འཐུས་མི་ཁག་གཅིག་དང་མཇལ་འཕྲད་ཞུས་ཏེ་རྒྱ་ནག་གཞུང་གི་དྲག་གནོན་གྱི་འོག་བོད་ནང་གི་བོད་མི་ཚོར་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་སོགས་བོད་ནང་གི་ཛ་དྲག་གི་གནས་སྟངས་ངོ་སྤྲོད་ཞུས་འདུག
ཆི་ལེའི་གྲོས་ཚོགས་འོག་མའི་ཚོགས་གཙོ་(Vlado Mirosevic)་ལགས་ནི་བོད་དོན་ཐོག་ལ་དོ་ཁུར་གནང་མཁན་ཞིག་ཡིན་ཞིང་། འདི་ལོ་ཕྱི་ཟླ་ལྔ་པའི་ནང་ཁོང་དང་ཆི་ལེའི་གྲོས་ཚོགས་ཀྱི་འཐུས་མི་ཁ་ཤས་ཀྱིས་མཉམ་དུ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་མཛད་པའི་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་གློད་བཀྲོལ་གཏོང་དགོས་པའི་ཡོངས་ཁྱབ་དགོས་འདུན་གྱི་བསྒྲགས་གཏམ་ཞིག་ཀྱང་སྤེལ་གནང་ཡོད།


གསར་འགོད་པ། བསྟན་འཛིན་བདེ་སྐྱིད། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎