ཨ་རིའི་བོད་མི་མང་པོ་ཨ་རིའི་གྲོས་ཚོགས་ནང་དངོས་སུ་བཅར་ནས་བོད་དོན་ཞུ་གཏུག་གནང་བཞིན་འདུག

ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་(Jim McGovern)་ལགས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་དེ་གང་མྱུར་གྲོས་ཚོགས་གོང་མའི་ནང་གཏན་འབེབས་བྱེད་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་གསུངས་བྱུང་།

ཨ་མི་རི་ཀའི་(Massachusetts)་མངའ་སྡེ་ནས་ནས་ཕེབས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོ་གྲོས་ཚོགས་འཐུས་མི་(Jim McGovern)་ལགས་ཀྱི་ལས་ཁུངས་སུ། ༠༣།༡༡།༢༠༢༤ པ་སངས་དོན་ལྡན། /RFA

དེ་ཡང་ཨ་མི་རི་ཀའི་མངའ་སྡེ་འདྲ་མིན་གང་སའི་བོད་མི་༡༧༠ལྷག་ཨ་རིའི་རྒྱལ་སར་འཛོམས་ནས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གོ་སྒྲིག་འོག་འདི་ཚེས་༡༡དང་༡༢ཉིན་གྲངས་གཉིས་རིང་། ཨ་མི་རི་ཀའི་གྲོས་ཚོགས་ནང་དངོས་སུ་བཅར་ནས་ཨ་རིའི་གྲོས་ཚོགས་ཀྱི་སོ་སོའི་མངའ་སྡེའི་འཐུས་མི་དང་ཁོང་ཚོའི་ལས་བྱེད་རྣམ་པར་ཐུག་འཕྲད་ཀྱིས་༢༠༢༤ལོའི་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་བཞིན་པ་དང་། འདི་ཚེས་༡༡ཉིན་ཐེངས་འདིའི་ཞུ་གཏུག་ལས་འགུལ་ནང་ཨ་མི་རི་ཀའི་(Massachusetts)་མངའ་སྡེ་ནས་ཕེབས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོ། མངའ་སྡེ་དེ་ནས་ཡིན་པའི་གྲོས་ཚོགས་འཐུས་མི་(Jim McGovern)་ལགས་ཀྱི་ལས་ཁུངས་སུ་དངོས་སུ་བཅར་ནས་བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་དེ་གྲོས་ཚོགས་གོང་མའི་ནང་རྒྱབ་སྐྱོར་ཐོབ་ཐབས་དང་། ཁོང་གིས་ཡུན་རིང་འགྱུར་བ་མེད་པར་བོད་དོན་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་བ་སོགས་བོད་དོན་ཞུ་གཏུག་གནང་སྐབས། གྲོས་ཚོགས་འཐུས་མི་ཇིམ་མེག་གྷོར་ཝེན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་དེ་གྲོས་ཚོགས་གོང་མའི་ནང་གང་མྱུར་གཏན་འབེབས་དང་མཉམ་སྲིད་འཛིན་གྱི་མཚན་རྟགས་སྐྱོན་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་གསུངས་བ་དང་འབྲེལ། ཉེ་བའི་ཆར་ཁམས་སྡེ་དགེ་རྫོང་དུ་བོད་མི་ཚོར་འཕྲད་བཞིན་པའི་ཛ་དྲག་ཀྱི་གནས་སྟངས་ཐད་བློ་ཚབས་པ་བསྟན་པ་དང་། རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྤྱི་དང་། བོད་ཀྱི་རིག་གཞུང་རྩ་མེད་བཟོ་བའི་སྲིད་ཇུས་མཚམས་འཇོག་བྱེད་དགོས་པ་གསུངས་བྱུང་།


ཨ་མི་རི་ཀའི་ནང་བོད་མི་མང་ཤོས་གནས་སྡོད་གནང་ཡུལ་ནིའུ་ཡོག་ནས་ཕེབས་པ་བློ་གྲོས་རྒྱ་མཚོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ཁོང་གིས་རང་དབང་ལུང་པའི་རང་དབང་དང་ཐོབ་ཐང་བེད་སྤྱོད་བྱེད་རྒྱུ་གལ་ཆེན་དུ་མཐོང་ནས་ཁོ་རང་མཐོ་སློབ་ཀྱི་སློབ་ཕྲུག་ཡིན་པའི་སྐབས་ནས་བོད་དོན་ཞུ་གཏུག་གི་ལས་འགུལ་ནང་མཉམ་ཞུགས་གནང་གང་ཐུབ་གནང་བ་དང་། ད་རེས་ནིའུ་ཡོག་མངའ་སྡེ་གྲོས་ཚོགས་འཐུས་མི་(Alexandria ocasio cortez)་ལགས་དང་དངོས་སུ་མཇལ་འཕྲད་ཐུབ་ནས་བོད་དོན་ཞུ་གཏུག་གནང་ཐུབ་པ་བྱུང་བ་ནི་ནིའུ་ཡོག་གི་བོད་དོན་ཞུ་གཏུག་པ་ཚོ་ལ་གོ་སྐབས་ཡག་པོ་བྱུང་བ་ངོས་འཛིན་གནང་གི་འདུག
བོད་དོན་ཞུ་གཏུག་གི་ལས་འགུལ་འདི་བཞིན་བོད་མི་ཨ་མི་རི་ཀའི་མི་སེར་ཡིན་པ་ཚོས། མང་གཙོའི་ལམ་ལུགས་ཁྲོད་སོ་སོའི་རང་དབང་དང་ཐོབ་ཐང་ལོངས་སུ་སྤྱད་ནས་སོ་སོ་གནས་ཡུལ་ཨ་རིའི་མངའ་སྡེ་ཁག་གི་གྲོས་ཚོགས་འཐུས་མི་ཚོར་བོད་དོན་ཞུ་གཏུག་གནང་རྒྱུ་ཕྱི་ལོ་༢༠༠༩ནས་དབུ་འཛུགས་གནང་པ་ད་རེས་ཐེངས་༡༦པ་ཡིན་པ་དང་། ད་རེས་ཞུ་གཏུག་སྟེང་ཨ་མི་རི་ཀའི་ས་གནས་ཁག་༢༥ཙམ་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་༡༧༥ལྷག་རྒྱལ་ས་ཝ་ཤིན་ཀྲོན་དུ་འཛོམས་ནས་གྲོས་ཚོགས་འཐུས་མི་དང་ལས་བྱེད་བརྒྱ་ལྷག་ལ་དངོས་སུ་ཐུག་འཕྲད་བྱས་ནས་བོད་དོན་ཞུ་གཏུག་གནང་གི་ཡོད་པ་རེད།


གསར་འགོད་པ། བསྟན་འཛིན་བདེ་སྐྱིད། ཀླུ་འབུམ། སྒྲོལ་མ་ལྷ་མོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org