གསུམ་བཅུའི་དུས་དྲན་ཉིན་རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་དང་དམག་སྦྱོང་བྱས་འདུག
བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོར་བོད་ཀྱི་ལྷོ་ཁ་གྲོང་ཁྱེར་དུ་རྒྱ་ནག་དམར་ཤོག་གཞུང་གིས་བརྟན་ལྷིང་བདེ་འཇགས་སྲུང་སྐྱོབ་ཀྱི་འགན་སྒྲུབ་དམ་བཅའི་སྐུལ་སློང་ཚོགས་ཆེན་དང་ཕྱིར་སྐྱོད་ཟེར་བའི་དམག་སྦྱོང་བྱས་འདུག
འདི་ག་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་འདིར། བོད་ནང་གི་ས་གནས་ཁག་དམ་དྲག་ཆེན་པོའི་འོག་གནས་ཤིང་། ལས་ཁུངས་ཁག་གི་རྒྱལ་སྒོར་སྲུང་བྱ་བའི་མི་སྣ་ཆེད་དུ་བཙུགས་པ་དང་། སློབ་གྲྭའི་སློབ་མ་ཁག་ལ་དམིགས་བསལ་གྱིས་འབྱོར་ཐོ་ལེན་པ་སོགས་བྱས་ཡོད་འདུག ལྷག་པར་དུ་ལྷོ་ཁ་གྲོང་ཁྱེར་ལ་མཚོན་ན། སྤྱི་ཟླ་༣ཚེས་༡༠ཉིན་བརྟན་ལྷིང་སྟོབས་ཤུགས་ཀྱི་འགན་སྒྲུབ་དམ་བཅའི་སྐུལ་སློང་ཚོགས་ཆེན་དང་དྲག་ཆས་སྤྲས་ཏེ་ཕྱིར་སྐྱོད་དམག་སྦྱོང་ཟེར་བ་ཞིག་བྱས་འདུག་ཅིང་། ལྷོ་ཁ་གྲོང་ཁྱེར་གྱི་ཁྲོམ་གཞུང་ནང་དྲག་ཆས་སྤྲས་པའི་དམག་མིས་ལག་ཏུ་མཚོན་ཆ་ཐོགས་ཏེ་དམག་གི་སྣུམ་འཁོར་གྱི་ཁྲོམ་སྐོར་བྱས་ཏེ་མང་ཚོགས་ལ་འཇིགས་སྐུལ་གྱི་རྣམ་པ་སྟོན་པའི་ལས་འགུལ་ཞིག་སྤེལ་འདུག
རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ནས་གནས་ཚུལ་སྤེལ་བ་ལྟར་ན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། ལྷོ་ཁ་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཞུལ་གྲེང་ཚང་གིས་ཚོགས་འདུ་དེའི་ཐོག་གཏམ་བཤད་བྱས་སྐབས། རྒྱ་ནག་དབུས་གཞུང་གི་བརྟན་ལྷིང་ཡོང་ཐབས་ཀྱི་གཏན་འབེབས་ལམ་སྟོན་གྱི་དགོངས་དོན་ལྟར། དམག་སྦྱོང་བྱས་ཏེ་དམག་མིའི་ངར་ཤུགས་གོང་མཐོར་བཏང་ནས་འཇིགས་སྣང་སྐྱེད་པའི་རྣམ་པ་ཞིག་ཐོན་པ་བྱེད་དགོས་པ་དང་། སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་ལ་འགན་ལེན་ཐུབ་པ་དགོས་ཚུལ་བརྗོད་འདུག
ད་དུང་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་ནང་གསུམ་བཅུའི་དུས་དྲན་གྱི་ཉིན་མོར་གཞུང་ལམ་ཆེ་ཁག་དང་འགྲིམ་འགྲུལ་ས་ཚུགས། གཞུང་གི་ཚན་པ་སོགས་མི་སྣ་འདུ་འཛོམས་ཆེ་བའི་ས་ཆ་གཙོ་བོ་ཁག་ལ། དྲག་ཆས་སྤྲས་པའི་དམག་མིར་སྐུལ་སློང་གི་ཚོགས་ཆེན་རྗེས་དམིགས་བསལ་ཉེན་རྟོག་པའི་དྲག་ཆས་སྣུམ་འཁོར་དང་། མེ་གསོད་སྣུམ་འཁོར། དམག་མི་དབོར་བྱེད་ཀྱི་སྣུམ་འཁོར། དྲག་ཤུགས་མཚོན་ཆ་ལྡན་པའི་སྐོར་ཞིབ་སྣུམ་འཁོར། དམིགས་བསལ་གྱི་གོ་མཚོན་སྒྲིག་སྦྱོར་བྱས་པའི་སྣུམ་འཁོར་མོ་ཀྲ་སོགས་རུ་སྒྲིག་གིས་སྐོར་བསྐྱོད་བྱས་འདུག་ཅིང་། ད་དུང་སྣུམ་འཁོར་སྟེང་། ཁྲིམས་ཀྱི་དྲ་བ་རྒྱ་ཁྱབ་ཤིན་ཏུ་ཆེ་བས་ཁྲིམས་བརྒལ་བྱས་ན་ཉེས་ཆད་ནས་ཐར་མི་ཐུབ་ཟེར་བའི་འཕྲེད་དར་སྦྱར་ཡོད་པས། ལྷོ་ཁའི་ནང་གི་བོད་མི་ཚོའི་སེམས་ནང་འཇིགས་སྣང་ཧ་ཅང་ཆེན་པོ་ཞིག་བཟོས་ཡོད་འདུག