ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་ཡིས་མུ་མཐུད་དུ་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་གསུངས་འདུག

ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་དང་མཇལ་འཕྲད་སྐབས། ༠༣།༠༥།༢༠༢༤
ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་དང་མཇལ་འཕྲད་སྐབས། ༠༣།༠༥།༢༠༢༤ (བོད་མིའི་སྒྲིག་འཛུགས།)

0:00 / 0:00

དེ་ཡང་འདི་ཚེས་༥ཉིན་ཉི་ཧོང་ནང་གི་བོད་ཀྱི་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་དང་བློན་ཆེན་གཞོན་པ་སྐུ་ཞབས་(Ishikawa Akimasa)ལགས་དང་མཇལ་འཕྲད་གནང་ནས་ད་ལྟའི་བོད་ནང་གི་གནས་སྟངས་དང་བོད་དོན་ལ་རྒྱབ་སྐྱོར་གནང་ཕྱོགས་སོགས་བཀལ་མོལ་གནང་ཡོད་འདུག
དེའི་ཐད་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། སྐུ་ཞབས་(Ishikawa Akimasa)ལགས་ནི་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་ཡིན་པ་ཙམ་མ་ཟད། ཉི་ཧོང་གཞུང་གི་བཀའ་ཤག་དང་དྲྭ་རྒྱའི་བློན་ཆེན་ལས་ཁུངས་ཀྱི་བློན་ཆེན་གཞོན་པ་ཡིན། ད་རེས་ཁོང་གི་ལས་ཁུངས་སུ་མཇལ་འཕྲད་སྐབས། གཙོ་བོ་ཉེ་ལམ་ཡོ་རོབ་མཐུན་ཚོགས་ཀྱི་བསྟི་གནས་བྷེལ་ཇིཡམ་གྱི་རྒྱལ་ས་(Brussels)་ནང་ཚོགས་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པའི་སྐབས་ཀྱི་བསྒྲགས་གཏམ་གྲོས་ཆོད་དང་ལག་བསྟར་འཆར་གཞི་ཁག་ངོ་སྤྲོད་གནང་བ་དང་མཉམ་དེ་དག་ལག་བསྟར་ཡོང་ཐབས་སུ་གྲོས་ཚོགས་འཐུས་མི་ཚོའི་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུས་ཡོད་པ་དང་། གཞན་ད་ལྟའི་བོད་ནང་གི་གནས་སྟངས་ཛ་དྲག་ཇེ་ཆེར་འགྲོ་བཞིན་པ་དང་། དམིགས་བསལ་རྒྱ་ནག་གཞུང་གིས་མུ་མཐུད་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་པའི་སྐུའི་ཡང་སྲིད་སོགས་ཀྱི་ཐད་ཐེ་བྱུས་བྱེད་བཞིན་པ་པའི་གནད་དོན། རྒྱ་ནག་གཞུང་གིས་བཙུགས་པའི་བོད་ནང་གི་བཅའ་སྡོད་སློབ་གྲྭའི་སྐོར། ཉེ་ལམ་ཁམས་སྡེ་དགེ་རྫོང་ཁོངས་ཀྱི་འབྲི་ཆུའི་རྒྱུད་དུ་རྒྱ་ནག་གཞུང་གིས་སྐམ་ཐོག་ཆུ་མཛོད་གློག་ཁང་གསར་རྒྱག་ཆེད་དེ་ཁུལ་གྱི་གྲོང་ཚོ་དང་དགོན་སྡེ་ཁག་ཅིག་གནས་སྤོར་བྱེད་དགོས་བའི་བཙན་བཀའ་བཏང་ཡོད་པ་དང་། ས་གནས་ཡུལ་མི་གནས་སྤོར་བྱེད་འདོད་མེད་པ་དང་ལས་གཞི་དེ་མཚམས་འཇོག་ཡོང་སླད་ཞུ་འབོད་དང་ཞི་བའི་ངོ་རྒོལ་བྱས་རྗེས། རྒྱ་ནག་གི་ཉེན་རྟོག་པས་བོད་མི་ཆིག་སྟོང་ལྷག་འཛིན་བཟུང་བཀག་ཉར་བྱས་བའི་གནས་ཚུལ་སོགས་ངོ་སྤྲོད་བཀའ་མོལ་གནང་སྐབས། སྐུ་ཞབས་(Ishikawa Akimasa)ལགས་ཀྱིས་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་ཡོད་སྐོར་གསུངས་དང་འབྲེལ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུའི་བསྒྲགས་གཏམ་དང་འཆར་གཞི་དེ་དག་ལག་བསྟར་ཡོང་ཐབས་སུ་མཐུན་འགྱུར་ཆ་ཚང་ཞུ་རྒྱུའི་ཁས་ལེན་གནང་ཡོད་པ་རེད་འདུག
ད་དུང་སྐབས་དེར་ཉེ་ཆར་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་གཏན་འབེབས་བྱུང་བ་དེར་བསྔགས་བརྗོད་དང་། མ་འོངས་བར་ཉི་ཧོང་གྲོས་ཚོགས་ནང་དུའང་དེ་ལྟར་ཡོང་རྒྱུའི་འབད་བརྩོན་གནང་རྒྱུའི་ཞལ་བཞེས་གནང་ཡོད་འདུག


གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།