ཉི་ཧོང་གི་གོང་མའི་སྐུ་མདུན་དུ་བོན་ཆོས་ཞིབ་འཇུག་གཏམ་བཤད་སྙན་འབུལ་ཞུས་འདུག

ཉེ་ལམ་ཉི་ཧོང་གི་གོང་མ་(Naruhito)་ཡི་མདུན་དུ་བོན་ཆོས་ལུགས་སྐོར་ཞིབ་འཇུག་གཏམ་བཤད་སྙན་འབུལ་ཞུས་འདུག་པ་དེ་ནི་ལོ་རྒྱུས་ནང་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་འདུག
ལོ་ལྟར་སྤྱི་ལོ་གསར་པ་ཤར་བ་དང་བསྟུན། ཉི་ཧོང་གི་གོང་མ་ཆེན་མོའི་སྐུ་མདུན་དུ་མཁས་པ་དང་ཉམས་ཞིབ་པ་ཚོས་གནད་དོན་འདྲ་མིན་ཐོག་གཏམ་བཤད་གནང་སྲོལ་ཡོད་པ་བཞིན། འདི་ལོར་ཉེ་ལམ་སྤྱི་ཟླ་༡་པོའི་ཚེས་༡༤་ཉིན་ཉི་ཧོང་དུ་རྟེན་གཞི་བྱས་པའི་(Kyoto)་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་སྐུ་ཞབས་(Katsumi Mimaki)་ལགས་ཀྱིས་ཉི་ཧོང་གི་གོང་མའི་ཕོ་བྲང་དུ་གོང་མ་ན་རུ་ཧི་ཏོ་(Naruhito)་ཡི་སྐུ་མདུན་དུ་“བོན་རིག་པའི་མཛད་རྒྱས་གསར་པ”ཞེས་པའི་བརྗོད་གཞིའི་ཐོག་ཞིབ་འཇུག་གཏམ་བཤད་སྙན་འབུལ་ཞུས་འདུག་པ་དེ་ནི་ལོ་རྒྱུས་ནང་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་འདུག ཉི་ཧོང་སྐུ་ཚབ་དོན་གཅོད་འབུམ་རམས་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་དེའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། དེ་ནི་ཉི་ཧོང་གི་ཤེས་ཡོན་སྡེ་ཁག་ནང་བོད་རང་སའི་ཆོས་ལུགས་བོན་ཐོག་ལ་དོ་སྣང་ཤུགས་ཆེར་བྱེད་ཀྱི་ཡོད་པ་གསལ་པོ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
ད་རེས་ཉི་ཧོང་གོང་མའི་སྐུ་མདུན་དུ་བོན་ཆོས་ལུགས་སྐོར་ཞིབ་འཇུག་གཏམ་བཤད་སྙན་འབུལ་ཞུ་མཁན་ཉི་ཧོང་གི་མཁས་དབང་སློབ་དཔོན་སྐུ་ཞབས་(Katsumi Mimaki)་ལགས་ཀྱིས་དེ་སྔོན་བོན་གྱི་མཛོད་ཕུགས་སོགས་ལ་ཞིབ་འཇུག་གནང་སྟེ་དཔྱད་རྩོམ་སྤེལ་འདུག་པ་མ་ཟད། མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་ལགས་དང་ལྷན་དུ་མཉམ་ལས་ཀྱིས་“བོན་སྒོ་གསལ་བྱེད་”ཞེས་པའི་དཔེ་དེབ་དབྱིན་སྒྱུར་དང་དེ་འབྲེལ་དཔྱད་རྩོམ་ཡང་སྤེལ་མྱོང་ཡོད་འདུག
གོང་ཞུས་སློབ་དཔོན་ཁོང་གི་སློབ་མ་(Kyoto)་གཙུག་ལག་སློབ་ཆེན་ནས་ཡིན་པའི་སློབ་དཔོན་སྐུ་ཞབས་(Seiji Kumagai)་ལགས་ཀྱིས་ཨེ་ཤེ་ཡ་དབང་རླུང་འཕྲིན་ཁང་ལ་གསུངས་ན། སློབ་དཔོན་སྐུ་ཞབས་(Katsumi Mimaki)་ལགས་ནི་གཙུག་ལག་སློབ་ཆེན་དེ་ཉིད་ཀྱི་ནང་དུ་བོད་རིག་པའི་ཐོག་ལ་མཁས་དབང་ཡིན་པ་མ་ཟད། ཉི་ཧོང་ནང་བོན་གྱི་ཆོས་ལུགས་དེའི་ནང་ཉམས་ཞིབ་གནང་མཁན་ཡག་ཤོས་གྲས་ཤིག་ཡིན་ཞིང་། ད་རེས་གོང་མའི་སྐུ་མདུན་དུ་མཁས་པ་གསུམ་གྱི་རང་ཉིད་སོ་སོའི་ཞིབ་འཇུག་སྙན་ཐོ་སྤྱན་འབུལ་ཞུས་ཡོད་པའི་ནང་ནས། བོན་ཆོས་ལུགས་སྐོར་ཞིབ་འཇུག་གཏམ་བཤད་སྙན་འབུལ་ཞུ་རྒྱུ་བྱུང་བ་ནི་ཆེས་ཐོག་མ་ཡིན་པ་དང་། དེ་ནི་ཧ་ཅང་གི་གཟི་བརྗིད་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
ཉམས་ཞིབ་པ་ཐུབ་པ་བསྟན་དགའ་བ་ལགས་ནི། ཉི་ཧོང་དུ་རྟེན་གཞི་བྱས་པའི་(Kyoto) ་གཙུག་ལག་སློབ་ཆེན་ནང་བོད་ཀྱི་ནང་ཆོས་ཐོག་ལ་ཞིབ་འཇུག་གནང་མུས་ཡིན་འདུག་ལ། ཁོང་གིས། ད་རེས་བོན་ཆོས་སྐོར་ཉི་ཧོང་གི་གོང་མར་སྙན་འབུལ་ཞུས་ཐུབ་པ་དེ་ནི་བོད་ཀྱི་གནའ་བོའི་རིག་གནས་ལ་དམིགས་བསལ་གྱི་ཆེ་མཐོང་གནང་བ་ཞིག་ཡིན་པ་འགྲེལ་བརྗོད་གནང་གི་འདུག
བོན་ནི་བོད་ལ་གནའ་རབས་ནས་ཡོད་པའི་ཆོས་ལུགས་ཤིག་ཡིན་པ་མ་ཟད། བོད་ཀྱི་རིག་གཞུང་འཕེལ་རིམ་དང་དམིགས་བསལ་གྱི་འབྲེལ་བ་ཡོད་པའི་ཆོས་ལུགས་ཤིག་ཀྱང་ཡིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དེ་སྔོན་༢༠༢༡་ལོའི་སྤྱི་ཟླ་༧་པའི་ནང་གཡུང་དྲུང་བོན་གྱི་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་སློབ་མ་རྣམས་ལ་བཀའ་སློབ་སྩལ་བའི་སྐབས། བོད་ལ་ནང་ཆོས་མ་དར་གོང་ལ་བོད་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་ཐད་ཀར་འབྲེལ་བ་ཡོད་པ་དེ་ནི་བོན་ཀྱི་ཆོས་ལུགས་དེ་ཆགས་ཡོད་པས། དེ་ཉམས་སུ་ལེན་དགོས་གལ་ཆེ་བའི་སྐོར་བཀའ་སློབ་བསྩལ་ཡོད་པ་རེད།
གཞན་ཡང་བོན་ནི་སྟོན་པ་གཤེན་རབ་མ་བྱུང་གོང་ནས་བོད་ལ་དར་སྲོལ་ཡོད་པའི་ལྷ་གསོལ་དགེ་སྒྲུབ་ཀྱི་གདོད་མའི་དད་མོས་ཀྱི་ཆོས་དད་སྣང་ཚུལ་དེ་ལ་བོན་ཞེས་འབོད་ཀྱི་ཡོད་པ་ལོ་རྒྱུས་ནང་གསལ་འདུག་ལ། བོད་ཟེར་བའི་མིང་དེ་ཡང་བོན་ཞེས་པའི་ཐ་སྙད་ནས་བྱུང་བ་ཞིག་ཡིན་པ་ལོ་རྒྱུས་སྨྲ་བ་འགའ་ཡིས་འགྲེལ་བརྗོད་བྱེད་ཚུལ་ཡོད་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།