རྒྱ་གར་གཞུང་གིས་བོད་ལོ་རྒྱུས་ཐོག་རང་བཙན་ཡིན་པ་ངོས་འཛིན་གནང་གལ་ཆེ་བ་རྒྱ་གར་གྱི་དམག་དཔོན་ཟུར་བ་ཞིག་གིས་གསུང་འདུག

2021.11.08
རྒྱ་གར་གཞུང་གིས་བོད་ལོ་རྒྱུས་ཐོག་རང་བཙན་ཡིན་པ་ངོས་འཛིན་གནང་གལ་ཆེ་བ་རྒྱ་གར་གྱི་དམག་དཔོན་ཟུར་བ་ཞིག་གིས་གསུང་འདུག རྒྱ་གར་གྱི་དམག་དཔོན་ཟུར་པ་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་(General GD Bakshi)་ལགས།
RFA/Dhasa

འདི་ཚེས་༨་ཉིན་རྒྱ་གར་རྡ་རམ་ས་ལར་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་གོ་སྒྲིག་འོག་བོད་ཀྱི་ཟློས་གར་ཚོགས་པར་བོད་དང་། རྒྱ་གར། རྒྱ་ནག་བཅས་ལ་ལྟ་ཚུལ་གསར་པ་ཞེས་པའི་བརྗོད་གཞི་ཐོག་གཏམ་བཤད་ལས་རིམ་ཐོག རྒྱ་གར་གྱི་དཔག་དཔོན་ཟུར་པ་དང་རྩོམ་པ་པོ། བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་(General GD Bakshi)་ལགས་ཀྱིས། ང་འདིར་ཡོང་ནས་ཁྱེད་རྣམ་ལ་ཞུ་དོན་གཙོ་བོ་ནི། བོད་ཀྱི་བདེན་མཐའ་མ་སེལ་བར་དུ་བོད་མིའི་འཐབ་རྩོད་དེ་མུ་མཐུད་གནས་ཀྱི་རེད། ཚང་མས་མཉམ་རུབ་ཀྱི་ཐོག་ནས་བོད་མིའི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་བཞིན་པ་དེ་ང་ཚོ་ཚང་མ་དང་འབྲེལ་བ་ཆགས་ཡོད། ཨེ་ཤེ་ཡའི་རྒྱུག་ཆུ་ཆེ་ཁག་༩་ཡི་ཆུ་མགོ་བོད་ནས་ཡིན། འོན་ཀྱང་། ད་ཆ་རྒྱ་ནག་གཞུང་གིས་འཛུགས་སྐྲུན་ལས་གཞི་དང་ཆུ་རགས་གསར་རྒྱག་སོགས་ཀྱི་དབང་གིས་རྒྱུག་ཆུ་དེ་དག་ཉམས་བཞིན་ཡོད་པས། དེ་དག་སྲུང་སྐྱོབ་བྱེད་རྒྱུ་ཚང་མར་འགན་ཡོད་ཅེས་དང་། ད་དུང་ད་ཆ་རྒྱ་གར་གཞུང་ཕྱོགས་ནས་ལོ་རྒྱུས་ཀྱི་ཐོག་ནས་བོད་དེ་རང་བཙན་རྒྱལ་ཁབ་ཡིན་པ་ངོས་འཛིན་བྱེད་རྒྱུའི་དུས་ལ་བབ་ཡོད་ཅེས་ནན་གསུངས་གནང་བ་དང་། ཁོང་རང་ཉིད་ལས་དབང་གི་ཐོག་ནས་བོད་མི་དང་དམིགས་བསལ་གྱི་འབྲེལ་ཡོད་པ་གསུངས་ཤིང་། ཁོང་ཆུང་དུས་ནས་ནང་ཆོས་དང་བོད་མིར་དགའ་མོས་ཡོད་པ་དང་། ལྷག་པར་དུ་བོད་མིའི་རང་དབང་འཐབ་རྩོད་ཐོག་ལ་མུ་མཐུད་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་གསུངས་གནང་སོང་།

GD Bakshi (2).jpg

སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ཀྱིས། བོད་ནི་བཙན་བཟུང་བྱས་བའི་རྒྱལ་ཁབ་ཅིག་ལ་རྒྱ་གར་གཞུང་ཕྱོགས་ནས་ངོས་འཛིན་གནང་དགོས་གལ་ཆེ་ལ། ད་ལྟའི་རྒྱ་གར་གཞུང་ཕྱོགས་ནས་བོད་དོན་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་པ་དང་། དེ་ལྟར་ཡོང་བར་ངེས་པར་དུ་རྒྱ་གར་སྤྱི་དམངས་ཁྲོད་ལས་འགུལ་སྤེལ་དགོས་རྒྱུ་གལ་ཆེ་བའི་སྐོར་གསུང་སོང་།
གཞན་རྒྱ་གར་གྱི་མཚོ་དམག་གི་རུ་དཔོན་ཟུར་པ་སྐུ་ཞབས་(Sanjay Prashar)་ ལགས་ཀྱིས། དུས་ཡུན་རིང་པོ་ཞིག་གི་རྗེས་སུ་རྒྱ་གར་ལ་རང་བཙན་ཐོབ་པ་བཞིན་འབྱུང་འགྱུར་བོད་ལ་ཡང་བདེན་མཐའ་སེལ་རྒྱུ་ངོས་ཀྱིས་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད་ལ། ངའི་མི་ཚེ་འདིའི་ནང་བོད་ལ་རང་བཙན་ཐོབ་སྟེ་བོད་པ་རང་གི་ཕྱི་སྐྱོད་ཐོངས་མཆན་བརྒྱུད་མ་ཕམ་གཡུ་མཚོ་དང་གངས་རིན་པོ་ཆེར་མཇལ་ཐུབ་པའི་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས་གནང་སོང་།
གཞན་ཡང་དམག་དཔོན་ཟུར་པ་སྐུ་ཞབས་(General GD Bakshi)་ལགས་ཀྱིས། རྒྱ་ནག་ནས་བྱུང་བའི་(Covid-19)་ཏོག་དབྱིབས་ནད་ཡམས་ཀྱི་དབང་གིས་ད་བར་འཛམ་གླིང་ཁྱོན་ཡོངས་ལ་དཀའ་ངལ་ཆེན་པོ་བཟོས་ཡོད་པ་མ་ཟད། ད་བར་འཛམ་གླིང་གི་མི་མང་ས་ཡ་༢༥༠་ཙམ་ཏོག་དབྱིབས་ནད་ཀྱིས་གནར་ཡོད་པ་དང་། མི་མང་ས་ཡ་༥་ཙམ་འདས་གྲོངས་སུ་ཕྱིན་ཡོད་པས། ༢༠༢༢་ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དེ་རྒྱ་ནག་ནང་འཚོགས་རྒྱུའི་ཐད་ངེས་པར་དུ་བཀག་འགོག་བྱ་དགོས། གལ་ཏེ་རྩེད་འགྲན་དེ་འཚོགས་བའི་དབང་དུ་བཏང་ན། རྩེད་མོ་བ་རྣམས་ལ་ནད་ཡམས་འགོས་པའི་ཉེན་ཁ་ཡོད་པ་མ་ཟད། ནད་དུག་གཞན་ཞིག་ཀྱང་འགོས་སྲིད་པ་རེད་ཅེས་གསུངས་གནང་སོང་།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎