རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོས་བོད་མིའི་གཞིས་ཆགས་ཁག་ནང་འཚམས་གཟིགས་གནང་བཞིན་འདུག
རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མཆོག་གིས་བོད་ཀྱི་རྩ་དོན་དང་གནས་སྟངས་རྒྱུས་ལོན་ཆེད་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་གི་ནང་འཚམས་གཟིགས་གནང་བཞིན་འདུག
- 2022-05-17
-
-
-
Your browser doesn’t support HTML5 audio
ཟླ་བ་འདིའི་ཕྱི་ཚེས་༡༥ནས་༢༠བར་ཉིན་ལྔའི་རིང་། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སུར་ཇིཡེ་ཊི་ཀུའུ་མར་(Surjeet Kumar)་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་ཀྱི་བོད་མིའི་གཞིས་སྒར་ཁག་གི་ནང་འཚམས་གཟིགས་གནང་བཞིན་པ་དང་མཉམ། བོད་ཀྱི་རྩ་དོན་དང་བཙན་བྱོལ་བོད་མིའི་བདེ་སྡུག་དཀའ་ངལ་སེལ་ཐབས་སུ་གཞིས་ཆགས་ཁག་གི་ནང་གནས་སྟངས་རྒྱུས་ལོན་གནང་བཞིན་འདུག
ཁོང་གིས་འདི་ཚེས་༡༦ཉིན་སྦེ་ལ་ཀོ་པི་གཞིས་ཆགས་ནང་སྐོར་བསྐྱོད་གནང་སྐབས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིར་གསུངས་ན། ཕྱི་ལོ་༢༠༢༡ལོའི་ཕྱི་ཟླ་༡༢པའི་ཚེས་༢༢ཁོང་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་བདམས་པ་དང་། འགན་འཁྲི་གཞིར་བཟུང་བོད་མིའི་གཞིས་ཆགས་ཁག་གི་ནང་བསྐོར་བསྐྱོད་ཀྱིས་གཞིས་ཆགས་ཁག་གི་བོད་མི་དང་འབྲེལ་བ་བྱས་ནས་ཁོང་ཚོའི་དཀའ་ངལ་དང་སེམས་ཁུར་བྱེད་པའི་གནད་དོན་རྣམས་རྒྱུས་ལོན་བྱས་རྒྱ་གར་གཞུང་དང་གྲོས་ཚོགས་ལ་ཞུ་གཏུག་གིས་གང་ཐུབ་ཅི་ཐུབ་རོགས་སྐྱོར་ཞུ་ཐུབ་པ་བྱ་རྒྱུ་ཡིན་ཅེས་དང་། ཨ་རི་གྲོས་ཚོགས་ཀྱི་ནང་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་བྱུང་བ་བཞིན་རྒྱ་གར་གྱི་གྲོས་ཚོགས་ནས་ཀྱང་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་ཡོང་ཐབས་སུ་ཁོང་སྒེར་གྱི་ཁྲིམས་འཆར་ཕུལ་བ་དེ་རིང་མིན་དབྱར་དུས་ཀྱི་རྒྱ་གར་གྱི་གྲོས་ཚོགས་ནང་ཕལ་ཆེར་གླེང་རྒྱུའི་རེ་བ་ཞུ་བཞིན་ཡོད་པ་གསུང་པ་དང་འབྲེལ་རྒྱ་གར་གྲོས་ཚོགས་ཀྱི་ནང་ཁོང་གིས་༧གོང་ས་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཀྱི་གཟེངས་རྟགས་མཐོ་ཤོས་བྷ་རཏ་རཏྣ་ཕུལ་རྒྱུར་རྒྱབ་སྐྱོར་ཞུས་པ་དང་འབྲེལ་བོད་དོན་ཐོག་རྒྱབ་སྐྱོར་གནང་བའི་འབོད་སྐུལ་ཡང་ཞུས་ཡོད་པ་གསུང་གནང་བྱུང་།
འདི་ཚེས་༡༥ཉིན་གྱི་ཞོགས་པ་སྐུ་ཞབས་སུར་ཇིཡེ་ཊི་ཀུའུ་མར་ལགས་སྦེང་ལོར་དུ་ཕེབས་འབྱོར་གྱིས་གྲོང་ཁྱེར་དེའི་ནང་ཡོད་པའི་བོད་མིའི་ཤེས་ཡོན་སྡེ་ཁག་ལ་འཚམས་གཟིགས་དང་ཕྱི་དྲོ་ཀོ་ལེ་གྷལ་དོན་ལྡན་གླིང་དང་ཕྱི་ཚེས་༡༦ཉིན་གྱི་ཞོགས་པ་ཧོན་སུར་དང་ཕྱི་དྲོ་སྦེ་ལ་ཀོ་པི་ནང་ཕེབས་འབྱོར་བྱུང་ཏེ་ཕྱི་ཚེས་༡༧ཉིན་གུང་བར་གཞིས་ཆགས་དེའི་ནང་འཚམས་གཟིགས་གནང་རྗེས། རིམ་པས་མོན་གྷོ་དུ་འཚམས་གཟིགས་གནང་གི་ཡོད་པ་རེད་འདུག
ད་ལན་ཁོང་ལྷོ་ཕྱོགས་ཁུལ་དུ་འཚམས་གཟིགས་གནང་སྐབས་སྦེང་ལོར་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་མཉམ་བཅར་ཞུས་འདུག་ལ། ཁོང་གིས་གསུང་ན། སུར་ཇིཡེ་ཊི་ཀུའུ་མར་ད་ལན་ལྷོ་ཕྱོགས་ཁུལ་དུ་བོད་མིའི་གནས་སྟངས་རྒྱུས་ལོན་གནང་ཆེད་སྔོན་ཚུད་ནས་གྲ་སྒྲིག་གནང་ཏེ་ཕེབས་པ་ཞིག་ཡིན་པ་གསུང་གནང་བྱུང་།
རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སུར་ཇིཡེ་ཊི་ཀུའུ་མར་ལགས་ནི། རྒྱ་གར་ཨོ་ཌི་ཤ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་བྷི་ཇུ་་པྲཌ་ན་ཡག་ལགས་ཀྱི་མཚན་ཐོག་བཙུགས་པའི་བྷི་ཇུ་ཇན་ཏ་དྷལ་ཚོགས་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་ཞིག་ཡིན་པ་དང་། གོང་ཞུས་སྤྱི་ཁྱབ་བློན་ཆེན་ཟུར་པ་དམ་པ་ཁོང་ནི་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་གྱི་བོད་ཀྱི་གྲོགས་པོ་ཞིག་ཡིན་པ་དང་། སྐུ་ཞབས་སུར་ཇིཡེ་ཊི་ཀུའུ་མར་ནི་༧གོང་མཆོག་གི་རྗེས་འཇུག་སློབ་མ་ཞིག་ཡིན་ཞིང་། ཁོང་གིས་༧གོང་ས་མཆོག་ཐེངས་གསུམ་མཇལ་མྱོང་ཡོད་པ་དང་། ཕྱི་ལོ་༢༠༠༩ལོར་ཁོང་བོད་ནང་ཕེབས་མྱོང་ཡོད་པ་མ་ཟད། ཁོང་ནི་བོད་དང་བོད་མིར་ཤ་ཚ་རྒྱབ་སྐྱོར་གནང་མཁན་བོད་ཀྱི་གྲོགས་པོ་ཞིག་ཡིན་པ་རེད་འདུག
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།