ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཞིབ་འཇུག་སྙན་ཐོ་བཏོན་པའི་ནང་བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་པ་ཐེར་འདོན་དང་བཅས་སྐྱོན་བརྗོད་བྱས་འདུག
དེ་ཡང་ཕྱི་ཟླ་གསུམ་པའི་ཚེས་༣༠ཉིན། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་རྒྱ་ནག་དང་ཧོང་ཀོང་། བོད་བཅས་ཀྱི་༢༠༢༠ལོའི་འགྲོ་བ་མིའི་ཐོབ་ཐང་གི་ཞིབ་འཇུག་སྙན་ཐོ་བཏོན་ཡོད་པ་དང་། །
སྙན་ཐོ་དེའི་ནང་བོད་ཀྱི་སྐོར་ལ་བཀོད་དོན། རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་ནས། བོད་མི་ཚོར་གཅར་རྡུང་མནར་གཅོད་དང་། ཡ་ང་སྙིང་རྗེ་མེད་པའི་བྱ་སྤྱོད་སྤེལ་བ། མི་སྤྱོད་ལས་བརྒལ་བའི་ཐོག་ནས་ཉེས་ཆད་གཅོད་པ། གང་བྱུང་འཛིན་བཟུང་དང་བཀག་ཉར་བྱེད་པ། ཆབ་སྲིད་ཀུན་སློང་ཐོག་འཁོན་ལན་སློག་པ་དང་། ཕྱི་རྒྱལ་གྱི་མི་སྣར་ཁ་གཏད་གཅོག་པ། ཁྲིམས་འཛིན་ལས་དོན་ཁྲོད་ཛ་དྲག་གི་གནད་དོན་ཡོད་པ་དང་། གང་བྱུང་ཁྲིམས་འགལ་སྒོས་མི་སྒེར་ལ་གནོད་འཚེ་གཏོང་བ། སྨྲ་བརྗོད་རང་དང་གསར་འགོད། དྲ་བའི་བརྒྱུད་ལམ་བཅས་ལ་བཀག་སྡོམ་སྟངས་འཛིན་ནན་མོ་བྱེད་པ། ཞི་བའི་འདུ་འཛོམས་དང་འབྲེལ་འདྲིས་རང་དབང་ལ་བཀག་སྡོམ་བྱེད་པ། ཆོས་ལུགས་དད་མོས་རང་དབང་ལ་སྟངས་འཛིན་དང་ཐེ་གཏོགས་བྱེད་པ། བོད་བརྒྱུད་ནང་བསྟན་ཆོས་ལུགས་རྒྱ་ནག་དབུས་གཞུང་གི་སྟངས་འཛིན་འོག་ཡོད་པ། དེ་བཞིན་བོད་མིའི་འགྲོ་འོང་རང་དབང་ལ་སྟངས་འཛིན་ནན་མོ་བྱེད་པ་དང་། སྤྱི་འབངས་ལ་རང་དབང་དང་དྲང་བདེན་ཐོག་འོས་འདེམས་བརྒྱུད་སྲིད་དབང་བཅོས་བསྒྱུར་གཏོང་དབང་མེད་ལ། ཆབ་སྲིད་ནང་ཞུགས་རྒྱུར་ཚོད་འཛིན་བྱེད་བཞིན་པ་སོཊ་བཀོད་ཡོད་པ་མ་ཟད། ད་དུང་སྙན་ཐོ་དེའི་ནང་། བོད་ནང་མཐོ་རིམ་ཞིབ་འཇུག་མི་སྣ་དང་སི་ཁྲོན་བོད་ཀྱི་ཞིབ་འཇུག་ཁང་གི་དྲུང་ཆེ་གཞོན་པ་བདེ་རོང་ཚེ་རིང་དོན་འགྲུབ་༢༠༡༩ལོའི་ཟླ་དྲུག་པར་རྒྱ་ནག་གཞུང་གིས་བཀག་ཉར་བྱས་ཏེ་ཕྱི་ཟླ་༡༢བར་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཕོ་བྲང་པོ་ཏཱ་ལའི་མཐོ་རིམ་དོ་དམ་པ་རྒན་བསོད་ནམས་༢༠༡༩ལོའི་ཟླ་བདུན་པར་བཀག་ཉར་བྱས་ཏེ་ཟླ་༡༢བར་གར་སོང་ཆ་མེད་དུ་གྱུར་ཡོད་པ། བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་བླ་ཆེན་ཨང་གཉིས་པ་པན་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་ཡབ་ཡུམ་དང་བཅས་བ་རྒྱ་ནག་དམར་ཤོག་གཞུང་གིས་༡༩༩༥ལོར་བཀག་ཉར་གྱིས་ད་བར་གར་སོང་ཆ་མེད་དུ་གྱུར་བ།
དེ་བཞིན་བོད་རིགས་བུད་མེད་ལྷ་མོ་བོད་རང་སྐྱོང་ལྗོངས་ནག་ཆུ་ཁུལ་ནས་འཛིན་བཟུང་གིས་བཀག་ཉར་སྐབས་གཅར་རྡུང་དྲག་པོ་བཏང་བའི་རྐྱེན་གྱིས་འདས་གྲོངས་ཕྱིན་པའི་གནས་ཚུལ།
བཙོན་ནས་གློད་གྲོལ་ཐོབ་མཁན་ཚོའི་གནས་སྟངས་རྒྱུས་ལོན་བྱུང་བར་མི་ཁག་ཅིག་ལ་བཙོན་ཁང་དུ་ཆེས་ཛ་དྲག་གི་གཅར་རྡུང་དང་མནར་གཅོད་བཏང་བའི་དབང་གིས་ཚེ་གང་རིང་དབང་བོ་སྐྱོན་ཅན་དུ་གྱུར་པ་དང་ཡང་ན་འཕྲོད་བསྟེན་སྐྱོ་བོར་གྱུར་ཡོད་པ།
བོད་རང་སྐྱོང་ལྗོངས་ཟེར་བའི་ནག་ཆུ་རྫོང་དུ་ཆབ་སྲིད་བཙོན་པ་དགེ་འདུན་ཤེས་རབ་ཀྱི་འདས་རྐྱེན་དེའང་བཀག་ཉར་སྐབས་གཅར་རྡུང་དྲག་པོ་བཏང་བས་ཡིན་སྐོར་བརྗོད་ཡོད། ཁོས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་པར་དང་བཀའ་སློབ་སྤྱི་ཚོཊ་དྲ་བ་བརྒྱུད་བསྐུར་བྱས་པའི་རྐྱེན་གྱིས་༢༠༡༧ལོར་འཛིན་བཟུང་བྱས་ཡོད་པའི་སྐོར།
གཞན་ད་དུང་བོད་མི་རྣམས་གང་བྱུང་འཛིན་བཟུང་བྱེད་པ་དང་། ཁྲིམས་ཐག་དྲང་བདེན་མེད་པ། ཕྱི་གསལ་ནང་གསལ་མེད་པ་སོཊ་གནད་དོན་མང་དག་ཅིག་སྙན་ཐོ་དེའི་ནང་བཀོད་ཡོད་པ་མ་ཟད། བོད་ཀྱི་ས་ཁུལ་ཁག་ཏུ་སྲིད་གཞུང་ཀྱི་ལས་ཁུངས་ཁག་དང་སྤྱི་བདེ་ལས་ཁུངས། དམག་དོན་ཁང་སོཊ་སུ་ཆེས་མཐོའི་གོ་གནས་ཚང་མ་རྒྱ་ནག་དམར་ཤོག་ཚོཊ་པའི་ཚོགས་མི་ཚོས་བཟུང་ཡོད་པ་དང་། ས་གནས་སོ་སོར་དམག་མི་དང་ཉེན་རྟོག་པ་འགྲེམས་འཇོག་བྱས་ནས་བོད་མིར་དོ་དམ་སྟངས་འཛིན་བྱེད་འཇུག་གི་ཡོད་ཅིང་། ཁོ་ཚོས་དུས་རྒྱུན་སྡུག་རྩུབ་ཅན་གྱི་བྱ་སྤྱོད་སྤེལ་བཞིན་ཡོད་སྐོར་སོཊ་ཀྱང་ཐེར་འདོན་བྱས་ཡོད་པ་རེད།