ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྙན་ཐོའི་ནང་བོད་ཀྱི་གནས་སྟངས་གསལ་བཀོད།
2019.03.13
ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོའི་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྡུག་པོ་དང་དམ་དྲག་ཡོད་པ་འཁོད་འདུག
ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་ལོ་རེའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་འདོན་སྤེལ་གནང་པའི་ནང་བོད་དང་འབྲེལ་ནས་༢༠༡༨ ལོའི་གནས་སྟངས་ཟུར་བཀོད་གནང་པའི་ནང་བོད་མི་གནས་སྡོད་ཚང་མའི་ནང་སྤྱི་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྡུག་པོ་ཡོད་པའི་ཁར། བོད་ནང་གི་གནས་ཚུལ་ཐད་ཕྱི་མིར་འབྲེལ་བ་བྱ་རྒྱུ་སོགས་ཀྱི་ཐད་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པ་གསལ་སྟོན་གནང་འདུག
ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་འཛམ་གླིང་ཡུལ་གྲུ་འདྲ་མིན་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་དང་འབྲེལ་བའི་སྙན་ཐོ་དེ་དེ་རིང་ཕྱི་ཟླ་ ༣ ཚེས་ ༡༣ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ མཡིཀ་པོམ་པེའོའི་མཚན་ཐོག་ནས་འདོན་སྤེལ་གནང་ཞིང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྐོར་དེ་ལོ་ལྟར་བཞིན་ཟུར་དུ་བཏོན་གནང་ཡོད་ལ་། དེ་ཡང་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཙམ་མིན་པར་བོད་རིགས་ས་ཁུལ་སི་ཁྲོན་དང་། མཚོ་སྔོན། ཡུན་ནན། ཀན་སུའུ་བཅས་ཞིང་ཆེན་དང་རྫོང་རིམ་པ། ཁུལ་རིམ་པ་བཅས་ཀྱི་གནས་བབས་སྐོར་གསལ་ཡོད་པ་རེད། སྙན་ཐོ་དེའི་ནང་བོད་མི་བཙན་གཤེད་འོག་གར་སོང་མེད་པར་བཙན་འཁྲིད་བོར་བརླག་གྱུར་བ་དང་། རྒྱ་ནག་གཞུང་གི་དཔོན་རིགས་ཀྱིས་མནར་གཅོད་རྡུང་རྡེག གང་བྱུང་འཛིན་བཟུང་། དྲ་རྒྱ་བཀག་འགོག་དང་དོ་དམ། ནུས་པ་ལྡན་པའི་སྒོ་ནས་འདུ་འཛོམས་བྱུང་བ་ཁག་ལ་ཐེ་ཏོག་བྱས་པ། བོད་མིིའི་ཆོས་དད་རང་དབང་ལ་བརྡལ་བཤིག་ཚབས་ཆེན་བཟོ་བ། འགུལ་བསྐྱོད་དང་ཆབ་སྲིད་ཀྱི་ལས་དོན་ནང་འཛུལ་ཞུགས་བྱེད་རྒྱུར་ཤུགས་རྐྱེན་ལྡན་པའི་བཀག་སྡོམ་བྱེད་ཀྱི་ཡོད་པ་ཁག་ཐེར་འདོན་གནང་འདུག
ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་བལྟ་ཞིབ་ཚོགས་པའི་རྒྱ་ནག་ཚན་པའི་ངེས་སྟོན་པ་སོ་ཧྥི་ཡ་རི་ཆརཌ་སོན་ལགས་ཀྱིས་
བོད་ནང་འདས་པའི་ལོ་ཤས་ནང་གང་ཅིར་དམ་དྲག་གི་གནས་སྟངས་དེ་ཧ་ཅང་ཆེན་པོ་ཆགས་ཡོད་ལ།
བོད་མི་ཚོར་ཕྱི་བསྐྱོད་ལག་འཁྱེར་སྤྲོད་རྒྱུའི་གནས་དོན་ནས་བཟུང་སྤྱི་ཚོགས་ཀྱི་ཕན་ནུས་ལྡན་པའི་ལས་རིམ་ཚུན་བྱེད་རྒྱུའི་བར་བཀག་བསྡོམས་བྱེད་ཀྱི་ཡོད་པ་གསུངས་ཤིང་། ལྷག་པར་དུ་བོད་མིའི་ས་ཁུལ་ཁག་གི་ནང་ཆོས་དད་རང་དབང་ལ་རྡོག་རོལ་བཏང་བའི་གནས་སྟངས་དེ་ཇེ་ཞེན་ཇེ་སྡུག་ཏུ་སོང་ཡོད་པ་འགྲེལ་བརྗོད་གནང་ཡོད།
ཁོང་གིས་ད་དུང་རྒྱ་ནག་སྲིད་འཛིན་ཞི་ཇིན་པིང་་གི་དབང་ཆ་ས་བརྟན་བཟོས་པའི་རྗེས་སུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྡུག་ཏུ་སོང་ཡོད་པར་སྐྱོན་བརྗོད་གནང་གི་འདུག
ཡང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་འདོན་སྤེལ་གནང་བའི་་བོད་ནང་གི་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་དེའི་ནང་། དམིགས་བསལ་དོ་སྣང་བྱེད་རྒྱུ་ཞིག་ལ་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བ་དང་དེའི་ཕྱི་ཕྱོགས་ཀྱི་བོད་རིགས་ས་ཁུལ་ཁག་འགའ་ཤས་ཀྱི་ནང་གནས་ཚུལ་འགྲོ་རྒྱུགས་ལ་བཀག་སྡོམ་དང་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པ་ཐེར་འདོན་གནང་ཞིང་། དེ་ཡང་ཕྱི་རྒྱལ་བ་ཚོར་སྐད་ཆ་གཤོད་མཁན་དང་ཡང་ན་བོད་ནས་ཕྱི་ཕྱོགས་སུ་འབྲེལ་འཐུད་བྱེད་ནས་བོད་ནང་གི་ངོ་རྒོལ་དང་གླེང་གཞི་ཁག་ཁ་པར་དང་། དྲ་རྒྱ། གློག་འཕྲིན་བཅས་ཀྱི་བརྒྱུད་ནས་གནས་ཚུལ་བརྒྱུད་སྤྲོད་བྱེད་མཁན་བོད་མི་ཚོར་དོ་དམ་དང་བསུན་གཙེར་བཟོས་པ་མ་ཟད་། མང་པོ་ཞིག་གི་འགྲོ་བསྐྱོད་རང་དབང་ལ་དོ་དམ་བྱས་ཡོད་པ་ཡང་གསལ་བཏོན་གནང་འདུག