བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱི་སྐོར་བརྙན་འཕྲིན།
2011.11.22
༄༅༎ཉེ་ཆར་ཕྱི་ཟླ་བཅིུག་པའི་ཚེས་༣ཉིན་བོད་ཀྱི་མདོ་ཁམས་དཀར་མཛེས་ཁུལ་གྱི་དགའ་ལྡན་ཆོས་གླིང་བཙུན་དགོན་གྱི་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱིས་རང་ལུས་མེ་བསྲེག་བཏང་བའི་བརྙན་འཕྲིན་པར་ལེན་བྱས་པ་དེ་གསང་བའི་ཐོག་ནས་ཕྱི་རྒྱལ་དུ་འབྱོར་ཏེ། བོད་རང་དབང་སློབ་ཕྲུག་ཚོགས་པས་འགྲེམས་སྤེལ་བྱས་ཡོད་པ་རེད།
དེ་རིང་པེ་ཅིང་ནས་ཨེ་པི་གསར་འགྱུར་ལས་ཁང་གིས་སྤེལ་བའི་གནས་ཚུལ་ནང༌། དགུང་ལོ་༣༥ ཡིན་པའི་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱིས་རང་ལུས་མེ་བསྲེག་བཏང་བའི་བརྙན་འཕྲིན་ཐུང་ངུ་དེ་ཨ་མི་རི་ཀའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་དྲ་རྒྱའི་ཐོག་འགྲེམས་སྤེལ་བྱས་ཏེ་མི་དམངས་ཀྱིས་བལྟ་ཐུབ་རྒྱུ་ཡོད་པ་དང༌། བརྙན་འཕྲིན་པར་དེའི་ནང་དུ་ལུས་ལ་ཆོས་གོས་ཀྱིས་བླུབས་པའི་བཙུན་མ་ཞིག་ལམ་ཁའི་ཟུར་ཞིག་ཏུ་ལུས་ལ་མེ་འབར་བཞིན་ཡོད་པ་མ་ཟད། མེ་ལྕེ་དམར་ལྷུབ་ལྷུབ་འབར་ཏེ་སྐར་ཆ་༡༥ ཕྱིན་པའི་རྗེས། ས་ཐོག་ཏུ་འགྱེལ་བ་དང༌། ད་དུང་བརྙན་འཕྲིན་དེའི་ནང་དུ་ཕྱི་ཟླ་༡༡ པའི་ཚེས་༦ ཉིན་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་འདས་གྲོངས་སུ་ཕྱིན་པར་དགེ་འདུན་པ་དང་བཙུན་མ་བརྒྱ་ལྷག་རྟའུ་ཉ་མཚོ་དགོན་གྱི་འདུ་ཁང་ནང་དུ་ཆོས་འབུལ་དང་སྨོན་ལམ་གནང་བཞིན་པ་དང༌། འདུ་ཁང་གི་ཕྱི་ཕྱོགས་སུ་མི་དམངས་ཁྲི་གཅིག་ཙམ་འདུ་འཛོམས་ཀྱིས་ལག་ཏུ་མར་མེ་འཁྱེར་ཏེ་མྱ་ངན་དང་གདུང་སེམས་མཉམ་བསྐྱེད་ཞུས་པ་ཡང་མཐོང་རྒྱུ་ཡོད་པ་རེད།