བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་འགན་འཛིན་རྩ་དགོངས།

བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དང་བོད་རང་སྐྱོང་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འགན་འཛིན་གཉིས་ལས་གནས་ནས་རྩ་དགོངས།

༄༅༎བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བྱམས་པ་ཕུན་ཚོགས་ལགས་དང་བོད་རང་སྐྱོང་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འགན་འཛིན་ལེགས་མཆོག་གཉིས་ལས་གནས་ནས་རྩ་དགོངས་ཞུས་ཡོད་པའི་སྐོར་དེ་རིང་པེ་ཅིང་ནས་རོའུ་ཀྲར་གསར་འགྱུར་ལས་ཁང་གིས་ཤིང་ཧཱ་གསར་ཤོག་ཐོག་བཀོད་ཡོད་པ་ལུང་འདྲེན་བྱས་བཞག

ཤིང་ཧཱ་གསར་ཤོག་ཐོག་ལ། ཟླ་བ་འདིའི་ཕྱི་ཚེས་༡༢སྔ་དྲོ་བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དགུ་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་ཚོགས་པའི་ཐོག་དགུང་ལོ་༦༢ལ་ཕེབས་པའི་བོད་རང་སྐྱོང་འགོ་ཁྲིད་བྱམས་པ་ཕུན་ཚོགས་ལགས་དང། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལགས་འགན་འཛིན་ལྷན་ཁང་གི་ཀྲུའུ་རེན་ལེགས་མཆོག་གཉིས་ཀྱི་ལས་གནས་དགོངས་ཞུའི་སྙན་ཞུ་སྒྲོག་སྦྱང་གནང་སྟེ། ཁོང་གཉིས་ཀྱི་ལས་ཁུར་ནས་རྩ་དགོངས་ཞུས་ཡོད་པའི་གནས་ཚུལ་སྤེལ་ཡོད་ཅིང། རོའུ་ཀྲར་གསར་ཤོག་ཐོག་ལ། ན་ནིང་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་ཀྱི་ཚོས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་བ་དང་དེ་རྗེས་དྲག་པོའི་ཟིང་ཆའི་དོན་རྐྱེན་དུ་གྱུར་ཏེ། མི་ཤི་རྨས་ཀྱི་གནས་ཚུལ་ཚབས་ཆེ་བྱུང་བའི་སྐབས། བྱམས་པ་ཕུན་ཚོགས་ལགས་བོད་རང་སྐྱོང་གི་འགོ་ཁྲིད་ཀྱི་འགན་འཁུར་ཡོད་པའི་སྐབས་ཡིན་པ་དང། ཡིན་ནའང་སྐབས་དེ་དུས་བོད་རང་སྐྱོང་ལྗོགས་ཀྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཀྲང་ཆིང་ལི་དང། འགོ་ཁྲིད་བྱམས་པ་ཕུན་ཚོགས་ལགས་གཉིས་ཀ་རྒྱ་ནག་ཏུ་ཡོད་པ་དང། ན་ནིང་༢༠༠༨ལོའི་ལྷ་ས་གྲོང་ཁྱེར་ནང་གི་དོན་རྐྱེན་དང་འབྲེལ་བ་ཡོད་སྲིད་པའི་སྐོར་བཀོད་ཡོད་པ་རེད།

ཨ་མི་རི་ཀའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་ཀོ་ལམ་སྦི་ཡ་མཐོ་རིམ་སློབ་གྲའི་ནང་གི་བོད་ཀྱི་གནད་དོན་ཐོག་ཞིབ་འཇུག་གནང་མཁན་སྐུ་ཞབས་རོའོ་སྦི་སྦའར་ནེཏ་གིས། ད་རེས་བྱམས་པ་ཕུན་ཚོགས་དང་ལེགས་མཆོག་གཉིས་ལས་ཁུར་ནས་རྩ་དགོངས་ཞུས་པའི་གནད་དོན་དེ་ནི། མི་ཚང་མས་ན་ནིང་ཕྱི་ལོ་༢༠༠༨ལོར་བོད་ནང་གི་དོན་རྐྱེན་དེའི་ཐོག་སྲིད་ཇུས་ནོར་འཁྲུལ་འཛིན་མཁན་གྱི་དཔོན་རིགས་ཚོར་ཉེས་ཆད་ཇི་ལྟར་གཏོང་གི་ཡོད་མེད་མཐོང་ཐོས་བྱེད་ཀྱི་ཡོད་པའི་གནས་ཚུལ་དང་འབྲེལ་བ་ཡོད་པའི་དགོངས་ཚུལ་གསུང་ཡོད་པ་རེད། ཡིན་ནའང་ཤིང་ཧཱ་གསར་ཤོག་ཐོག་ལ། བྱམས་པ་ཕུན་ཚོགས་ལགས་ད་རེས་ལས་ཁུར་རྩ་དགོངས་ཞུ་དགོས་པའི་རྒྱུ་མཚན་ཇི་ཡིན་དང། ཁོང་གི་རྩ་དགོངས་སྙན་ཞུར་ངོས་ལེན་བྱ་མིན་དང། ཁོང་གི་ཚབ་ཏུ་འགོ་ཁྲིད་ཀྱི་ལས་གནས་སུ་ཞིག་ལ་བསྐོ་བཞག་བྱ་མིན་གནས་ཚུལ་གང་ཡང་ཞིབ་ཕྲ་བཀོད་མེད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org