འཇར་མན་གྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འབྲེལ་ཡོད་ལ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཞུས་ཡོད་འདུག

དེ་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཇར་མན་ནིའི་(Germany)་ཡན་ལག་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་(Kai Muller)་ལགས་དང་། (Tibet Initiative Deutschland)་ཞེས་བའི་འཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་(Tenzyn Linda Zorschbauer)་ལགས་གཉིས། ཕྱི་ཟླ་གསུམ་པའི་ཚེས་༢༨ཉིན་འཇར་མན་གཞུང་གི་འགྲོ་བ་མིའི་ཐོབ་ཐང་སྲིད་བྱུས་དང་། རོགས་སྐྱོར་ཚོགས་ཆུང་གི་འགན་འཛིན་ལྕམ་(Luise Amstberg)་ལགས་དང་མཇལ་འཕྲད་ཞུས་ནས་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ཞུས་ཡོད་འདུག
དེའི་ཐད་ལྕམ་(Tenzyn Linda)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་ངོ་སྤྲོད་གནང་བའི་ནང་། མཇལ་འཕྲད་སྐབས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་ཐོག་དྲག་གནོན་གྱི་སྲིད་བྱུས་མུ་མཐུད་དུ་ལག་བསྟར་བྱེད་བཞིན་པ་དེར། འཇར་མན་གཞུང་གི་ངོས་ནས་གནས་ཚུལ་ཛ་དྲག་པོ་ཞིག་ལ་ངོས་འཛིན་གནང་སྟེ་བོད་ཀྱི་གནད་དོན་དེ་མ་བརྗེད་པར་རྒྱ་ནག་གཞུང་གི་ཚབས་ཆེའི་ནག་ཉེས་དེ་དག་ཐེར་འདོན་གནང་དགོས་པ་དང་། འཇར་མན་ནིའི་ནང་རྒྱ་ནག་གི་གནོན་ཤུགས་གང་འདྲ་ཡོད་མེད་མཁྱེན་རྟོགས་ཐུབ་པ་དགོས་ཀྱི་འདུག་ཅེས་དང་། ད་དུང་ལྕམ་ལིའུ་སི་ལགས་རིང་མིན་ཕྱི་ཟླ་ལྔ་པའི་ནང་
བོད་ཀྱི་དངོས་བྱུང་ལོ་རྒྱུས་དང་འབྲེལ་བའི་གློག་བརྙན་པཱ་ལགས་ཞེས་པ་གཟིགས་འབུལ་ཞུ་རྒྱུའི་འཆར་གཞི་ཡོད་པར་མགྲོན་འབོད་ཞུས་ཡོད་པ་བྲིས་འདུག
ད་དུང་ཁོང་རྣམ་གཉིས་ནས་མཇལ་འཕྲད་སྐབས་ལྕམ་ལིའུ་སི་ལགས་ཀྱིས་ཐུགས་སྣང་ཆེན་པོའི་ཐོག་བོད་ནང་གི་གནས་སྟངས་སྐོར་གསན་བཞེས་གནང་སོང་ལ། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་འཐབ་བྱུས་ཐད་ལའང་ཐུགས་སྣང་དང་ལས་དོན་སྤེལ་གནང་རྒྱུའི་སྐོར་གསུངས་པ་དང་ཆབས་ཅིག དམིགས་བསལ་འཇར་མན་ནིའི་ནང་ཡོད་པའི་བོད་མིའི་སྐོར་ལ་ཐུགས་སྣང་གནང་གི་འདུག་ཅེས་བྲིས་འདུག
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།