འཇར་མན་ནིའི་གྲོང་ཁྱེར་བརྒྱ་ཕྲག་ཁ་ཤས་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་ལས་འཆར།
ཕྱི་ལོ་༢༠༢༣ལོར་སླར་ཡང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་དང་བསྟུན་བོད་དོན་རྒྱབ་སྐྱོར་གྱི་ཆེད་དུ་འཇར་མན་ནི་རྒྱལ་ཁབ་ཀྱི་གྲོང་ཁྱེར་བརྒྱ་ཕྲག་བརྒལ་བའི་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱ་རྒྱུ་ཡིན་པ་དང་། འདི་ལོ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་པའི་ལས་འགུལ་དེའི་དམིགས་ཡུལ་ནི། ང་ཚོ་ཁྱེད་དང་མཉམ་དུ་ཡོད་ཅེས་པའི་བོད་དོན་རྒྱབ་སྐྱོར་གྱི་རྣམ་པ་བཏོན་ཐབས་ཤིག་ཡིན་འདུག་ལ། (Germany)་གྲོང་ཁྱེར་(Muenster)་ཡང་ད་ལོ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་ལས་འགུལ་ནང་ཞུགས་རྒྱུ་མ་ཟད། འཇར་མན་ནིའི་གྲོང་ཁྱེར་གཞན་ཁག་ལའང་སྐུལ་མ་གནང་རྒྱུའི་ཁས་ལེན་གནང་ཡོད་པ་དང་། ཡུལ་དེར་ཡོད་པའི་(Tibet Initiative Deautschland)་ཞེས་པའི་བོད་དོན་ཚོགས་པའི་འགན་འཛིན་བསྟན་འཛིན་ལིན་ཌ་ཛོཆ་སྦའོར་(Tenzyn Zöchbauer)་ལགས་འདི་ཚེས་༢ཉིན། གྲོང་ཁྱེར་དེའི་ལས་ཁུངས་སུ་བསྐྱོད་ནས་གྲོང་ཁྱེར་སྤྱི་ཁྱབ་པ་(Klaus Rosenau)་ལགས་དང་མཇལ་ནས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་ལས་འགུལ་ནང་དངོས་སུ་ཞུགས་རྒྱུའི་ཆེད་རྒྱལ་དར་རྩིས་འབུལ་གནང་ཡོད་པ་བསྟན་འཛིན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཁོང་མོས་མུ་མཐུད་དུ་གསུང་ན། ལོ་ལྟར་འཇར་མན་ནིའི་ནང་དུ་གྲོང་ཁྱེར་༤༥༠ ཙམ་གྱིས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་ཏེ། བོད་ཀྱི་འཐབ་རྩོད་ལ་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད་ཅིང་། འདི་ལོ་གྲོང་ཁྱེར་གཞན་ཁག་ལའང་བོད་དོན་ཚོགས་པའི་ངོས་ནས་སྐུལ་མ་གནང་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
འཇར་མན་ནིའི་ནང་༡༩༩༦ནས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་ལས་འགུལ་དེ་འགོ་བཙུགས་པ་ནས་བཟུང་། གྲོང་ཁྱེར་(Munster)་ནི་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཞུ་མཁན་ཐོག་མའི་གྲས་ཡིན་པ་མ་ཟད། གྲོང ཁྱེར་(Munster)་གྱིས་བོད་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་སྟོན་བཞིན་པ་དེ་དག་ནི་བོད་མི་ཚོས་རང་དབང་འཐབ་རྩོད་བྱེད་བཞིན་པའི་ཐོག་རྒྱ་ནག་གཞུང་གིས་རྩིས་མེད་རྡོག་རོལ་གཏོང་ཐུབ་ཐབས་མེད་པའི་བརྡ་ལན་ཞིག་སྤྲོད་བཞིན་ཡོད་པར་བོད་དོན་ཚོགས་པས་ངོས་འཛིན་གནང་བཞིན་འདུག
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།