ས་མཐོའི་འཁྱག་རོམ་བཞུས་བས་རང་བྱུང་གི་གནོད་འཚེ་ཇེ་མང་ཡིན་པ།
2015.11.19
གནམ་གཤིས་འགྱུར་ལྡོག་གི་རྐྱེན་པས་བོད་ས་མཐོའི་འཁྱག་རོམ་རྣམས་བཞུས་བས་རང་བྱུང་ཁམས་ཀྱི་གནོད་འཚེ་མང་དུ་འགྲོ་གི་ཡོད་པ།
དེ་ཡང་རྒྱ་ནག་གི་ཚན་རིག་ཞིབ་འཇུག་ལས་ཁང་གི་ཁྱབ་ཁོངས་སུ་གཏོགས་པའི་བོད་ས་མཐོའི་ཞིབ་འཇུག་ཁང་ཟེར་བས་སྙན་ཐོ་གསར་པ་ཞིག་འགྲེམས་སྤེལ་བྱས་པའི་ནང་དུ། འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་གི་རྐྱེན་པས་བོད་ས་མཐོའི་འཁྱག་རོམས་རྣམས་བཞུས་བཞིན་པའི་དཀའ་ངལ་འཕྲད་བཞིན་པ་དེ་ཡིས། རྒྱ་གར་གྱི་རིག་གཞུང་དང་འབྲེལ་བའི་ཆུ་ཆེན་གཙོ་བོ་རྟ་མཆོག་ཁ་འབབ་ཀྱི་གཙང་ཆུ་ཉུང་དུ་འགྲོ་བ་དང་། རང་བྱུང་ཁམས་ཀྱི་གནོད་འཚེ་མང་དུ་འགྲོ་གི་ཡོད་པའི་སྐོར་གསུངས་ཡོད་པ་དང་། བོད་ས་མཐོའི་འཁྱག་རོམ་བཞུས་འགྲོ་ཡུལ་ནི་ཧི་མ་ལ་ཡའི་རི་བརྒྱུད་ཁུལ་དང་བོད་ཀྱི་ལྷོ་ཤར་ཕྱོགས་སུ་གནས་པའི་གལ་འགངས་ཆེ་བའི་འཁྱག་རོམ་དེ་དག་ཡིན་པ་བཤད་ཡོད་ལ། བོད་ཀྱི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་དེ་ཡིས། རང་བྱུང་གི་གནོད་འཚེ་ནི་ས་རུད་དང་། ཆུ་ལོག་དྲག་པོ། གངས་རུད་ཀྱི་གནོད་འཚེ་སོགས་ཡོང་གི་ཡོད་པ་མ་ཟད་། རང་བྱུང་གི་གནོད་འཚེ་དེ་དག་ནི་རང་བཞིན་གྱིས་མང་དུ་འགྲོ་བ་དང་། མེ་སྐྱོན་གྱི་གནོད་འཚེ་འཕྲད་བཞིན་པ་སོགས་ནི་སྔོན་འགོག་བྱ་རྒྱུ་དང་སེལ་ཐབས་བྱེད་པར་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་པའི་སྐོར་བཀོད་ཡོད་པ་རེད།
ད་དུང་སྙན་ཐོ་དེའི་ནང་དུ་། བོད་ས་མཐོའི་ཐོག་གི་འཁྱག་པ་ཅན་གྱི་མཚོ་དང་དང་མཚོ་སྐོར་དེ་ཚོ་ཡང་ཉམས་ཆགས་འགྲོ་རྒྱུའི་ཉེན་ཁའི་གནས་སུ་ལྷུངས་ཡོད་པ་མ་ཟད། གནས་སྟངས་དེ་ཡིས་བོད་ནང་དུ་རང་བྱུང་ཁམས་གྱི་གནོད་འཚེ་ཚབས་ཆེན་ཡོང་རྒྱུའི་ཉེན་ཁའི་རང་བཞིན་ཆེན་པོ་ཡོད་པའི་ཉེན་བརྡ་ཡང་བཏང་ཡོད་ལ། དེ་བཞིན་བོད་ཀྱི་མཚོ་མང་པོ་ཞིག་ནི་༡༩༧༠ ལོར་ཆིག་སྟོང་བརྒྱ་མེད་བརྒྱ་བཅུ་བརྒྱ་གཅིག་མང་དུ་ཕྱིན་པ་ནས་༢༠༡༠ནང་ལ་ཆིག་སྟོང་ཉིས་བརྒྱ་སུམ་བཅུ་སོ་དྲུག་བར་མང་དུ་ཕྱིན་ཏེ། བོད་ནང་དུ་མཚོ་བརྒྱ་ཆ་༨༠ལྷག་ནི་རྒྱ་ཆེ་རུ་འགྲོ་གི་ཡོད་པའི་སྐོར་དང་། ད་དུང་༢༠༡༥ ནས་མ་འོངས་པའི་ལོ་༢༡༠༠ནང་ཚུད་ལ་བོད་ནང་གི་ཆུ་བོ་རྣམས་འགྱུར་ལྡོག་ཕྱིན་ནས་འཁྱགས་རོམ་རྣམས་རིམ་བཞིན་ཉུང་དུ་འགྲོ་རྒྱུ་དང་ཁ་བ་འབབ་རྒྱུ་ཉུང་དུ་འགྲོ་བ། གཙང་པའི་ཆུ་ཤུགས་ཉུང་དུ་འགྲོ་རྒྱུ་ཡིན་པའི་སྔོན་བརྡ་བཏང་ཡང་ཡོད་པ་རེད།
དེ་ནི་ཚན་རིག་དང་མཐུན་པའི་ཐོག་ནས་བོད་ས་མཚོའི་གནམ་གཤིས་འགྱུར་ལྡོག་ཐོག་ལ་དབྱེ་ཞིབ་བྱས་ཏེ་བཀོད་སྤེལ་བྱས་པ་ཞིག་ཡིན་པ་རེད།
གསར་འགོད་པ་གཡུ་སྒྲོན།