པེ་ཅིང་དུ་བོད་ཀྱི་དམངས་གཙོའི་བཅོས་བསྒྱུར་ཞེས་འགྲེམས་སྟོན།

རྒྱ་ནག་གཞུང་གིས་བོད་མིའི་ལོ་གསར་གྱི་དགའ་སྟོན་དང་སྦྲགས་བོད་ནང་མང་གཙོའི་བཅོས་བསྒྱུར་ཅེས་པའི་འགྲེམས་སྟོན་ཞིག་འགོ་བཙུགས་བྱས་པ།

༄༅༎རྒྱ་ནག་གཞུང་གིས་བོད་མིའི་ལོ་གསར་གྱི་དགའ་སྟོན་དང་སྦྲགས་བོད་ནང་མང་གཙོའི་བཅོས་བསྒྱུར་ཅེས་པའི་འགྲེམས་སྟོན་ཞིག་རྒྱལ་ས་པེ་ཅིང་ནང་བདུན་ཕྲག་འདིའི་རེས་གཟའ་མིག་དམར་ནས་བཟུང་འགོ་བཙུགས་བྱས་ཡོད་པ་རེད།

གོང་ཞུས་བོད་ནང་མང་གཙོའི་བཅོས་བསྒྱུར་ཅེས་བཀོད་པའི་འགྲེམས་སྟོན་དེས་དེ་སྔ་༸གོང་ས་༸ཏཱ་ལའི་བླ་མའི་འཛིན་སྐྱོང་འོག་བོད་ཀྱི་སྤྱི་ཚོགས་དེ་ཆེས་མུན་ནག་ཆེས་གདུག་རྩུབ་ཆེས་ཀླ་ཀློ་སོགས་ཀྱི་གནས་སྟངས་སྐོར་གྱི་གནས་ཚུལ་བཤད་འགྲེལ་བྱས་ཡོད་པ་རེད་ཅེས་རྒྱ་ནག་ཕྱི་སྲིད་ལས་ཁང་གི་འགན་འཛིན་ལིའུ་ཡུན་ཧྲན་གྱིས་གསར་འགོད་པར་གསལ་སྟོན་བྱས་ཡོད་པ་རེད། ཡང་ལིའུ་ཡིས་མུ་མཐུད་བརྗོད་དོན་ལྟར་ན་རྒྱ་ནག་གཞུང་གིས་བོད་ནང་ཞི་བའི་བཅིངས་བཀྲོལ་བཏང་ནས་ལོ་ངོ་ལྔ་བཅུའི་རིང་བོད་ནང་འཛུགས་སྐྲུན་ཡར་རྒྱས་ལ་སོགས་པའི་བོད་ཀྱི་གནས་སྟངས་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་བོད་ནང་གི་བོད་མི་མང་པོས་ངོས་ལེན་བྱེད་ཀྱི་རེད་ཅེས་བརྗོད་ཡོད་པ་རེད། ད་རེས་བོད་ནང་མང་གཙོའི་བཅོས་བསྒྱུར་ཅེས་འགོ་བརྗོད་དུ་བཀོད་པའི་འགྲེམས་སྟོན་དེ་བཞིན་བདུན་ཕྲག་འདིའི་རེས་གཟའ་མིག་དམར་ནས་འགོ་བཙུགས་ཀྱིས་ཕྱི་ཟླ་བཞི་པའི་ཚེས་བཅུ་བར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འགྲེམས་སྟོན་བྱེད་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་འཁོད་འདུག