འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཡོ་རོབ་སྤྱི་མཐུན་ལ་རྒྱ་ནག་མཉམ་གྲོས་མོལ་མཚམས་འཇོག་དགོས་བའི་འབོད་སྐུལ་ཞུས་འདུག
འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་བཅུ་ཡིས་ཡོ་རོབ་སྤྱི་མཐུན་ལ་རྒྱ་ནག་དང་མཉམ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་གྲོས་མོལ་གནང་རྒྱུ་མཚམས་འཇོག་གནང་དགོས་ཞེས་འབོད་སྐུལ་ཞུས་ཡོད་འདུག
- 2023-02-16
-
-
-
Your browser doesn’t support HTML5 audio
དེ་ཡང་ཕྱི་ཟླ་གཉིས་པའི་ཚེས་༡༥ཉིན་བྷ་ར་ཛིལ་ནང་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་། འཛམ་གླིང་ཡུ་གུར་ལྷན་ཚོགས་སོགས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་བཅུ་ཡིས་མཉམ་དུ་ཡོ་རོབ་སྤྱི་མཐུན་ལ་ཞུ་སྙན་ཞིག་ཕུལ་ཡོད་པ་དེའི་ནང་། རྒྱ་ནག་གཞུང་ནས་ད་བར་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་ཐོག་སྙན་ཐོ་དང་གནོན་ཤུགས་སོགས་ཇི་ལྟར་སྤྲད་ཀྱང་། བཟང་ཕྱོགས་ཀྱི་འགྱུར་བ་མ་བཏང་བར་མུ་མཐུད་དུ་དྲག་གནོན་གྱི་སྲིད་བྱུས་འཛིན་བཞིན་ཡོད་སྟབས། རིང་མིན་ཡོ་རོབ་སྤྱི་མཐུན་གྱི་ངོས་ནས་རྒྱ་ནག་མཉམ་གྲོས་མོལ་གནང་འཆར་ཡོད་པ་དེ་མཚམས་འཇོག་གནང་དགོས་ལུགས་ཞུས་ཡོད་འདུག
གོང་ཞུས་སྙན་ཞུའི་ནང་གནད་དོན་མང་དག་ཞིག་བཀོད་ཡོད་པའི་ཁོངས་སུ། རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་། ཧོང་ཀོང་བཅས་པའི་ནང་དྲག་གནོན་བྱེད་བཞིན་ཡོད་པ་དཔེར་ན། མི་སྣ་འཛིན་བཟུང་བཙོན་བཅུག་བྱས་ཡོད་པའི་ཁོངས་སུ་བོད་མི་ཚོང་པ་རྡོ་རྗེ་བཀྲིས་ལགས་གཙོས་ཡུ་གུར་བ་དང་ཧོང་ཀོང་བའི་མི་སྣ་ཁག་ཅིག་བཙོན་འཇུག་བྱས་ཡོད་པ་མིང་བཏོན་ནས། བོད་ཀྱི་རིག་གཞུང་རྒྱུན་འཛིན་བྱེད་མཁན་རྩོམ་པ་པོ་དང་། དོན་གཉེར་ཅན་མང་དག་ཅིག་གང་བྱུང་འཛིན་བཟུང་བཙོན་བཅུག་བྱས་ནས་བོད་མིའི་ཆོས་དང་རིག་གཞུང་ལ་དམ་དྲག་ཤུགས་ཆེ་བྱེད་ཀྱི་ཡོད་པ་བརྗོད་ཡོད་པ་རེད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དེའི་ཐད་བྷེལ་ར་ཛིལ་ནང་གི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡོ་རོབ་སྤྱི་མཐུན་ལ་འབྲེལ་གཏུག་གནང་མཁན་(Vincent Metton)་ལགས་སུ་བཅར་འདྲི་ཞུས་སྐབས། ད་ཐེངས་ང་ཚོ་ཚོགས་པ་ཁག་བཅུ་ཡིས་མཉམ་དུ་འབོད་སྐུལ་བྱས་བ་བརྒྱུད། ཡོ་རོབ་སྤྱི་མཐུན་ལ་རྒྱ་ནག་མཉམ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་གྲོས་མོལ་མི་གནང་རྒྱུ་དང་། གལ་སྲིད་གནང་ཚེ་རྒྱ་ནག་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་བརྩི་སྲུང་གནང་དགོས་བའི་གནོན་ཤུགས་སྤྲད་ནས་གྲོས་མོལ་དོན་འབྲས་ལྡན་པ་གནང་དགོས་བའི་འབོད་སྐུལ་ཞུས་ཡོད་ལུགས་འགྲེལ་བརྗོད་གནང་བྱུང་།
དེ་དང་ཕྱོགས་མཚུངས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ཞུ་སྙན་དེའི་ནང་། ཡོ་རོབ་སྤྱི་མཐུན་གྱི་ངོས་ནས་བོད་དང་ཤིན་ཅང་སོགས་ཀྱི་ནང་རྒྱ་ནག་གཞུང་གིས་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་དག་མཚམས་འཇོག་ཡོང་ཐབས་དང་། རྒྱ་ནག་གི་ངོས་ནས་དོན་དམ་པའི་འགྱུར་བ་གཏོང་རྒྱུར་གནོན་ཤུགས་ཆེ་ཙམ་སྤྲོད་གནང་ཐུབ་ཐབས་གནང་གལ་ཆེ་བ་ལས་དེ་མིན་གྲོས་མོལ་གནང་བ་ཙམ་གྱི་འགྲིགས་ཐབས་ཡོད་མ་རེད་ལ། དེས་ཡོ་རོབ་སྤྱི་མཐུན་གྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་གྲུབ་དང་འགལ་འཛོལ་འགྲོ་གི་རེད་ཅེས་བརྗོད་དེ། ཞུ་སྙན་ཕུལ་མཁན་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དེ་དག་གིས་ཡོ་རོབ་སྤྱི་མཐུན་གྱིས་རྒྱ་ནག་མཉམ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་གྲོས་མོལ་ཁ་ཡོད་ལག་ཡོད་ཀྱི་འགྱུར་བ་ཐེབས་པ་ཞིག་མ་བྱུང་ན་གྲོས་མོལ་གནང་བ་ཙམ་གྱི་འགྲིགས་ཐབས་མེད་ལུགས་ཞུས་ཡོད་འདུག
གནས་ཚུལ་འདིའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཡོ་རོབ་མཉམ་འབྲེལ་སྤྱི་མཐུན་གྱི་འབྲེལ་ཡོད་ཚན་པར་ཡིག་ཐོག་འདྲི་རྩད་བྱས་ཡོད་ཀྱང་ད་དུང་ལན་འབྱོར་མ་བྱུང་།
སྤྱིར་བཏང་ཡོ་རོབ་སྤྱི་མཐུན་དང་རྒྱ་ནག་གཉིས་བར་ཕྱི་ལོ་༢༠༡༩ནས་བཟུང་གྲོས་མོལ་གནང་ཐུབ་མེད་ཅིང་། འགྲོ་བ་མིའི་ཐོབ་ཐང་གི་ཐད་སེམས་ཚབས་བྱེད་གཞིའི་གནས་སྟངས་མུ་མཐུད་དུ་གནས་ཡོད་པ་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་མཉམ་སྦྲེལ་གྱི་སྤྱི་བསྒྲགས་སྤེལ་བའི་ནང་གསལ་བརྗོད་བྱས་འདུག
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།