བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་ཡོད་ཚེ་གཟིགས་སྐོར་དོན་སྙིང་ལྡན་པ་རེད་ཟེར།
2020.06.24
ཕྱིའི་སྐུ་ཚབ་ཚོས་བོད་ནང་གི་ཡུལ་སྐོར་ལྟེ་གནས་སུ་གཟིགས་སྐོར་བྱས་བ་ཙམ་གྱིས་བོད་ཀྱི་གནས་སྟངས་དང་བོད་མི་སྤྱི་ཡོངས་ཀྱི་བདེ་སྡུག་ཤེས་རྟོགས་མི་ཐུབ་ཅེས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བརྗོད་འདུག
རྒྱ་གཞུང་གིས་ཉེ་ཆར་བོད་ཀྱི་ས་གནས་ཁག་གཉིས་ནང་གཞུང་གི་གོ་སྒྲིག་དང་སྟངས་འཛིན་ཡོད་པའི་ཐོག་རྒྱལ་སྤྱིའི་སྐུ་ཚབ་རུ་ཁག་ཞིག་གཟིགས་སྐོར་བྱེད་བཅུག་ཡོད་ན་ཡང་། ཁོང་ཚོར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཁ་གསལ་དང་དེའི་ཐད་གླེང་སློང་བྱེད་བཅུག་ཡོད་ན་གཞི་ནས་གཟིགས་སྐོར་དོན་སྙིང་ལྡན་པ་ཞིག་ཆགས་ཀྱི་ཡོད་ཅེས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བརྗོད་འདུག
རྒྱ་ནག་གཞུང་འབྲེལ་རྔ་པའི་ཉིན་རེའི་གསར་ཁང་གིས་སྤྱི་ཟླ་༦་པའི་ཚེས་༢༢་ཉིན་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་སྤྱིའི་སྐུ་ཚབ་འཐུས་མི་༢༢་ཡོད་པའི་རུ་ཁག་ཞིག་རྔ་བ་ཁུལ་གཟི་ཚ་སྡེ་དགུ་དང་། ཟུང་ཆུ་རྫོང་ཞང་བོད་སྒྱུ་རྩལ་སློབ་གྲྭ་གཉིས་ལ་སྤྱི་ཟླ་དྲུག་པའི་ཚེས་༡༧་དང་༡༨་ཉིན་གཉིས་ལ་མཚམས་གཟིགས་བྱས་ཡོད་སྐོར་དང་། སྐུ་ཚབ་འཐུས་མི་རྣམས་ནི་ཨོསུ་ཁྲི་ལེ་ཡ་དང་། ཧྥ་རན་སུ། ཇར་མཎ། པ་ཀི་སི་ཐན། སིང་གྷ་ཕུར། ཨ་རི་སོགས་ནས་ཕེབས་ཡོད་ཚུལ་དང་། དེ་ནི་རྒྱ་ནག་ཟི་ཁྲོན་ཞིང་ཆེན་དམར་ཤོག་ཚོགས་པའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གིས་སྣེ་ལེན་བྱས་ཡོད་པ་ཡིན་པ་དང་། གཟིགས་སྐོར་བརྒྱུད་ཟི་ཁྲོན་ཞིང་ཆེན་ནང་གི་བོད་ཀྱི་ས་གནས་ཁག་སྒོ་ཕྱེ་བའི་ལེགས་ཕྱོགས་ཀྱི་སྣང་བརྙན་དག་ཕྱིའི་སྤྱི་ཚོགས་ལ་སྟོན་ཆེད་ཡིན་པ་དང་མ་ཟད། སྤྱི་ལོ་༢༠༡༧་ལོའི་ནང་ས་གནས་དེར་ས་འགུལ་བརྒྱབ་རྗེས་བསྐྱར་གསོའི་ལས་དོན་ལ་གྲུབ་འབྲས་ཐོན་པ་ཡོངས་གྲགས་ཆེད་དུ་ཡིན་པ་བཀོད་འདུག
དེའི་ཐད་ཨ་རིའི་རྒྱལ་སར་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་དེའི་ཐད་དོ་སྣང་དང་བཅས། རྒྱལ་སྤྱིའི་རྒྱལ་ཁབ་དག་གིས་བོད་ནང་གི་གནས་སྟངས་ལ་བསམ་ཤེས་ཀྱིས་དོ་སྣང་གནང་བཞིན་པར་དགའ་བསུ་ཡོད། འོན་ཀྱང་ད་རེས་རྒྱ་ནག་གི་གོ་སྒྲིག་སྟངས་འཛིན་འོག་བོད་ནང་གི་ཡུལ་སྐོར་ལྟེ་གནས་ས་གནས་གཉིས་ལ་གཟིགས་སྐོར་ཕེབས་པ་ཙམ་གྱིས། བོད་ནང་གི་གནས་སྟངས་དང་བོད་མི་སྤྱི་ཡོངས་ཀྱི་བདེ་སྡུག་ཤེས་རྟོགས་མི་ཐུབ་ཅེས་དང་། གལ་སྲིད། ཐེངས་འདིའི་གཟིགས་སྐོར་སྐབས་རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ཐད་གླེང་སློང་བྱས་ཡོད་ན་གཟིགས་སྐོར་དོན་སྙིང་ལྡན་པ་ཞིག་ཆགས་ཀྱི་ཡོད་ཅེས་གསལ་བསྒྲགས་སྤེལ་འདུག