ཌེན་མརཀ་ནང་གི་བོད་དོན་རྒྱབ་སྐྱོར་ལས་འགུལ་བ་ཞིག་ལ་ཡུལ་དེའི་ཐེབས་རྩ་ཁང་ཞིག་བྱ་དགའ་ཐོབ་འདུག

ཡུན་རིང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་(Anders Hojmark Andersen)་ལགས་ཀྱིས་བྱ་དགའ་ལེན་སྐབས། ༠༥།༠༣།༢༠༢༣
ཡུན་རིང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་(Anders Hojmark Andersen)་ལགས་ཀྱིས་བྱ་དགའ་ལེན་སྐབས། ༠༥།༠༣།༢༠༢༣ (མཐུན་འགྱུར་པར་རིས།/RFA)

ཡུན་རིང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཌེན་མརཀ་(Denmark)་མི་སེར་(Anders Hojmark Andersen)་ལགས་ཀྱིས་དྲང་བདེན་དང་། མང་གཙོ་འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་ཆེད་ད་བར་ལས་འགུལ་སྤེལ་བར་ངོས་འཛིན་ཆེ་བསྟོད་ཞུ་སླད་དང་། ལྷག་པར་བོད་ཀྱི་གནད་དོན་དང་འབྲེལ་ནས་སྨྲ་བརྗོད་དང་འདུ་འཛོམས་རང་དབང་ཆེད་ལས་དོན་སྤེལ་བ། ཁྱད་པར་ཕྱི་ལོ་༢༠༡༢ལོར་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཌེན་མརཀ་ནང་རྒྱལ་དོན་ལྟ་སྐོར་ལ་འབྱོར་སྐབས། ས་གནས་ཉེན་རྟོག་པས་བོད་དོན་ཆེད་ཞི་བའི་རྔམ་སྟོན་ལས་འགུལ་སྤེལ་མཁན་རྣམས་བཀག་འགོག་བྱས་པའི་ཐད། ཁོང་གིས་ཉེན་རྟོག་པའི་བྱ་སྤྱོད་ཁ་གཏད་དུ་ལངས་ནས་ཁྲིམས་གཏུག་བྱས་ཏེ། ལོ་བཅུའི་རྗེས་སྔ་ལོ་ཁྲིམས་གཏུག་རྒྱལ་ཁ་ཐོབ་པར་ངོས་འཛིན་ཆེ་བསྟོད་ཞུས་ཏེ། འདི་ཚེས་༣ཉིན་ཁོང་ལ་ཡུལ་དེའི་(Georgbruunske Foundation)་ཞེས་བའི་ཐེབས་རྩ་ཁང་གིས་(Georg Bruunske)་བྱ་དགའ་གནང་ཡོད་པ་རེད། ཆེ་བསྟོད་བྱས་དགའ་སྤྲོད་པའི་མཛད་སྒོ་དེ་བཞིན་ཌེན་མརཀ་ཡུལ་གྱི་རྒྱལ་ས་(Copenhagen)་དཀྱིལ་དབུས་ཀྱི་(Tivoli)་ས་གནས་ཀྱི་(Nimb)་གསོལ་མགྲོན་ཁང་དུ་ཚོགས་ཡོད་འདུག

anders 2.jpeg


ཁོང་གིས་དེའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། ད་རེས་ཀྱི་བྱ་དགའ་འདི་ཁོང་གིས་ལོ་བཅུའི་རིང་སྨྲ་བརྗོད་རང་དབང་ཐད་ཁྲིམས་གཏུག་བྱས་ཏེ་རྒྱལ་ཁ་ཐོབ་པར་བརྟེན་ནས་ཐོབ་པ་ཡིན་དུས། དྲང་བདེན་ལ་དགའ་མཁན་དང་། བོད་མི་ཚོར་དགའ་ཚོར་དང་སེམས་འགུལ་ཐེབས་ཐུབ་པ་ཞིག་ཡོང་རྒྱུ་ཡིན་པས་སྤོབས་པ་བྱུང་བ་གསུང་བྱུང་།
སྐུ་ཞབས་(Anders Hojmark Andersen)་ལགས་ད་ཆ་དགུང་གྲངས་ ༦༠ཡིན་པ་དང་། ཕྱི་ལོ་༡༩༨༩ལོར་བོད་ནང་ཞི་རྒོལ་ཆེན་པོ་བྱུང་པའི་སྐབས། བོད་ནང་ལོ་གཅིག་དང་ཕྱེད་ཀ་ཙམ་བཞུགས་ཡོད་པ་དང་། བོད་ནས་ཕྱིར་འཁོར་རྗེས། ཌེན་མརཀ་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་བཙུགས་ནས་ད་བར་ལོ་ངོ་༣༤སོང་ཡོད་ཅིང་། རྒྱུན་དུ་ཁོང་གིས་ཡུལ་དེའི་སྦྲགས་ཁང་ནང་ལས་ཀ་བྱེད་བཞིན་ཡོད་པ་རེད།


གསར་འགོད་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།