སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ་ཐབས་བྱུས་ཚོགས་འདུ་ཚོགས་འདུག

2022.08.29
སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ་ཐབས་བྱུས་ཚོགས་འདུ་ཚོགས་འདུག སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ་ཐབས་བྱུས་ཚོགས་འདུའི་སྐབས། ༠༨།༢༨།༢༠༢༢
CTA

དེ་ཡང་ཕྱི་ཚེས་༢༨ཉིན་བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་དང་། སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གཉིས་ཀྱི་གོ་སྒྲིག་འོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་ཡོ་རོབ་ཐབས་བྱུས་སྐོར་ཚོགས་འདུ་ཚོགས་ཡོད་པ་དང་། དེའི་ཐད་ལྷན་ཚོགས་གོ་སྒྲིག་གནང་མཁན་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བཅར་འདྲི་སྐབས་གསུངས་ན། ཚོགས་འདུ་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་གནང་ནས་ཚོགས་ཡོད་པ་དང་། སྐབས་དེར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་གཞོན་པ་ཟུར་པ་སྐུ་ཞབས་(Martin Bursik)་མཆོག་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ་རྟེན་གཞི་བྱས་པའི་བསམ་མཛོད་བསྟི་གནས་ཁང་གི་ངེས་སྟོན་པ་ (Martin Hala)་ལགས། ༢༠༠༠ཞི་བདེའི་གླེང་སྟེགས་ཀྱི་ངེས་སྟོན་པ་(Jakup Klepal)་ལགས། ཨི་ཊ་ལི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་མི་(Gunther Cologna)་ལགས། ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བཀྲས་མཐོང་བསྟན་འཛིན་དབང་པོ་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡོ་རོབ་སྲིད་བྱུས་ངེས་སྟོན་པ་སྐུ་ཞབས་ཝིན་སེན་ཊི་མེ་ཊེན་(Vincent Metten)་ལགས་བཅས་ཀྱིས་ཡོ་རོབ་དང་འབྲེལ་བའི་ཐབས་ཇུས་སྐོར་གཏམ་བཤད་གནང་ཡོད་པ་གསུངས་བྱུང་།
དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ཚོགས་འདུའི་དམིགས་ཡུལ་གཙོ་བོ་ནི། ཡོ་རོབ་ཀྱི་ཡུལ་བབས་སྲིད་བྱུས་འཛིན་སྟངས་སྐོར་ཤེས་རྟོགས་དང་། བོད་དོན་ཆེད་དུ་ཡོ་རོབ་ལ་ཕྱོགས་གཉིས་དང་ཕྱོགས་དུ་མའི་སྡིངས་ཆ་བརྒྱུད་ནས་འབྲེལ་བ་ཞུ་ཕྱོགས། དེ་བཞིན་ཡོ་རོབ་སྤྱི་མཐུན་ཚོགས་པའི་ནང་ནས་བོད་དོན་སླད་གོ་སྐབས་དང་གདོང་ལེན་ངོས་འཛིན་ཞུ་ཕྱོགས་སོགས་ལ་དམིགས་པའི་ལྷན་ཚོགས་ཤིག་ཡིན་པ་དང་ཡོ་རོབ་ནང་གི་དོན་གཅོད་ཁག་མཉམ་འབྲེལ་གྱིས་ཡོ་རོབ་ནང་བོད་དོན་ལས་དོན་སྤེལ་ཕྱོགས་སོགས་ཐག་གཅོད་བྱུང་ལུགས་གསུངས་བྱུང་།

Sikyong Steers CTA’s Europe Strategy Meeting1.jpg
ད་ཐེངས་ཀྱི་ཚོགས་འདུའི་ཐོག་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་སློབ་སྟོན་པ་སྐལ་བཟང་རྒྱལ་མཚན་ལགས་དང་། སྦེལ་ཇེམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས། སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་འབྲེལ་ཡོད་ལས་བྱེད་སྐལ་ལྡན་མཚོ་མོ་ལགས། དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་བློ་བཟང་བསམ་གཏན་ལགས་བཅས་མཉམ་ཞུགས་གནང་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་མི་ཆབ་སྲིད་དྲུང་ཆེ་ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་ལགས་དང་། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། བཀའ་དྲུང་ཡིག་ཚང་གི་དྲུང་འཕར་བློ་བཟང་ཆོས་གྲགས། དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས། ཕྱི་དྲིལ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་དང་རྣམ་རྒྱལ་ཚེ་དབང་ལགས། ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་དོན་གྲུབ་རྒྱལ་པོ་ལགས་བཅས་དྲ་ལམ་བརྒྱུད་མཉམ་ཞུགས་གནང་ཡོད།

གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎