ནེ་རྡར་ལན་ཌིའི་ནང་གི་འཛམ་གླིང་གི་སྤྱི་དམངས་ཁྲིམས་ཁང་གིས་བོད་ཀྱི་གནད་དོན་དང་འབྲེལ་ཞི་ཅིན་ཕིན་ལ་ནག་ཉེས་ཡོད་པའི་ངོས་འཛིན་གནང་འདུག

ཡོ་རོབ་ཀྱི་ཡུལ་གྲུ་ནེ་རྡར་ལན་ཌའི་(Netherlands)་གྲོང་ཁྱེར་ཧའ་གྷེའི་(Hague)་ནང་རྟེན་གཞི་བྱས་པའི་འཛམ་གླིང་གི་སྤྱི་དམངས་ཁྲིམས་ཁང་ནས་ཕྱི་ཟླ་༧པའི་ཚེས་༨ནས་ཚེས་༡༢བར་རྒྱ་ནག་དང་འབྲེལ་བའི་ཁྲིམས་ཞིབ་འཚོགས་ཡོད་པ་དང་། ཐེངས་འདིའི་ཁྲིམས་བཤེར་དེ་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིན་གྱིས་ཐེ་ཝན་དང་བོད། ཤར་ཏུས་ཀིསུ་ཐན་བཅས་ཀྱི་ནང་མི་རིགས་རྩ་མེད་བཟོ་བའི་སྲིད་ཇུས་ལག་བསྟར་བྱས་ནས་གང་བྱུང་མི་སྣ་བཙོན་འཇུག་དང་གནོད་འཚེ་སྐྱེལ་བ་བཅས་ནག་ཉེས་ཁག་བཅུ་གཉིས་ཞུ་གཏུག་བྱས་ཡོད་པ་དང་། ཁྲིམས་བཤེར་སྐབས་རྒྱ་ནག་གི་བཙོན་འོག་ཏུ་སྡུག་སྦྱོང་ཚད་མེད་མྱངས་མཁན་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་དང་། བསྟན་པ་དར་རྒྱས་ལགས། གཞན་དྲྭ་ལམ་བརྒྱུད་དོན་འགྲུབ་དབང་ཆེན་ལགས་དང་ཉི་མ་ལྷ་མོ་ལགས་སོགས་ཀྱིས་རྒྱ་ནག་གི་བཙོན་དུ་མནར་གཅོད་མྱངས་བའི་བརྒྱུད་རིམ་འགྲེལ་བརྗོད་ཀྱིས་བདེན་དཔང་བྱས་བར་ཁྲིམས་དཔོན་གྱིས་བསྔགས་བརྗོད་གནང་ཞིང་། བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་བོད་ནང་གི་ཕྱི་ལོ་༢༠༠༨ལོའི་བོད་ས་བྱི་ཞི་རྒོལ་ཆེན་མོ་ནི་དུས་རབས་ཤིག་གི་དཀྱོགས་མཚམས་ཀྱི་ལོ་རྒྱུས་དོན་སྙིང་གལ་ཆེན་སོགས་བརྗོད་ནས་བོད་མིའི་ཕྱོགས་ནས་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིན་གྱིས་བོད་མིའི་སྐད་ཡིག་དང་། རིག་གཞུང་རྩ་མེད་བཟོ་བཞིན་པའི་ནག་ཉེས་དང་། ཆབ་སྲིད་བཙོན་པ་ཚོ་བཙོན་གྲོལ་ཐོབ་རྗེས་མུ་མཐུད་དུ་རྗེས་འདེད་མནར་གཅོད་བཏང་བའི་ནག་ཉེས། བོད་ནང་བོད་མིའི་འགྲོ་སྡོད་སྤྱོད་གསུམ་ལ་བཙན་ཤེད་ཀྱིས་སྟངས་འཛིན་བྱེད་པ་བཅས་ཞི་ཅིན་ཕིན་གྱིས་བོད་ལ་བྱས་ཉེས་བྱས་བའི་ནག་ཉེས་དོན་ཚན་གསུམ་ཞུ་གཏུག་བདེན་དཔང་བྱས་བ་ཚང་མར་ཁྲིམས་དཔོན་ཚོས་ནག་ཉེས་ཡོད་པའི་ངོས་འཛིན་བྱས་ཏེ། ཐེངས་འདིའི་ཁྲིམས་ཞིབ་ལ་ཁྲིམས་ཆད་ཀྱི་དབང་ཚད་མེད་ཀྱང་རྒྱལ་སྤྱིའི་སྟེང་ཁྲིམས་ཀྱི་དཔང་ཡིག་ཚད་ལྡན་འདོན་སྤྲོད་ཐད་རྨང་གཞི་བཞག་ཡོད་པ་མགོ་ལོག་འཇིགས་མེད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཉིན་ཁ་ཤས་རིང་ཁྲིམས་ཞིབ་བྱས་བའི་རྗེས་ཚེས་༡༢ཉིན་འཛམ་གླིང་གི་སྤྱི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་(Bhavani Fonseka)་ལགས་ཀྱིས། ཁྲིམས་ཁང་དུ་ཞུ་གཏུག་དཔང་རྟགས་ལ་བལྟས་ན། རྒྱ་ཁྱབ་དང་གོ་རིམ་ལྡན་པའི་སྒོ་ནས་མི་མང་ལ་རྒོལ་རྡུང་བྱས་པ་ཤེས་རྟོགས་བྱུང་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་དང་། གཟའ་འཁོར་འདིར་ཁྲིམས་ཁང་དུ་བཅར་བའི་གནོད་འཚེ་ཕོག་ཡུལ་དང་དཔང་པོ་ཁ་ཤས་ཀྱི་མྱོང་བ་ལ་ངོས་འཛིན་བྱེད་འདོད་ཡོད། ཁོང་ཚོའི་སྙིང་སྟོབས་དང་། ཆོད་སེམས། བཟོད་བསྲན་བཅས་ཀྱིས་ང་ཚོར་ཐག་གཅོད་འདི་བྱེད་ཐུབ་པར་ལེགས་སྐྱེས་ཕུལ་ཡོད། ད་དུང་ཁྲིམས་གཏུག་ཉན་ཞིབ་འདིར་བཅར་རྒྱུར་འགོག་རྐྱེན་བཟོས་པ་སོགས་ཀྱི་གནས་ཚུལ་རྒྱུན་ཆད་མེད་པར་ཐོས་ཡོད་པས་འདིར་ཕེབས་མཁན་ཚོར་བསྔགས་བརྗོད་ཡོད་ཅེས་བརྗོད་འདུག
ད་རེས་གོང་བརྗོད་ཁྲིམས་ཞིབ་སྐབས་བོད་ཀྱི་ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་ལགས་དང་། བོད་མི་མང་སྤྱི་འཐུས་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོལ་དཀར་ལགས། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཚད་མཉམ་ཟུར་བ་ཤར་གླིང་ཟླ་སྒྲོན་ལགས། བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཟུར་བ་དབུ་དཀར་ཚང་སྐལ་རྡོར་ལགས་བཅས་ཀྱིས་ཀྱང་གོང་ཞུས་ཁྲིམས་ཁང་ལ་ཟུར་དུ་བློ་འདོན་དང་གནས་ཚུལ་མཁོ་སྤྲོད་གནང་འདུག
འཛམ་གླིང་གི་སྤྱི་དམངས་ཁྲིམས་ཁང་(The Court of the Citizens of the World)་ཞེས་པ་ནི། ཇར་མན་གྱི་རྒྱལ་ས་བྷིར་ལེན་ནང་ཡོད་པའི་འཛམ་གླིང་ཞི་བདེའི་ཆེད་ཀྱི་གློག་བརྙན་ཞེས་པའི་ཐེབས་རྩ་ཁང་(The Cinema for World Peace Foundation)་གིས་ར་ཤེ་ཡས་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་གནད་དོན་དང་འབྲེལ་ཏེ། ཕྱི་ལོ་༢༠༢༣ལོར་གསར་འཛུགས་བྱས་པ་ཞིག་ཡིན་པ་དང་། ཁྲིམས་ཁང་དེས་ཐག་གཅོད་རྗེས་ནག་ཉེས་ཕོག་པའི་ཚོགས་སྡེ་དང་མི་སྒེར་དེ་དག་དངོས་སུ་འཛིན་བཟུང་དང་ཁྲིམས་ཆད་གཏོང་རྒྱུ་སོགས་ཁྲིམས་ཀྱི་དབང་ཚད་མེད་ཀྱང་། དེའི་ཐོག་རྒྱལ་སྤྱིའི་ནང་སྙན་གྲགས་ཆེ་བའི་ཁྲིམས་དཔོན་དང་ཁྲིམས་རྩོད་པ། བདེན་དཔང་མི་སྣ་སོགས་དངོས་སུ་མཉམ་ཞུགས་བརྒྱུད་དྲག་གནོན་བྱེད་མཁན་གཞུང་དང་དཔོན་རིགས་ཚོའི་ནག་ཉེས་རྒྱལ་སྤྱིའི་ཐོག་ཐེར་འདོན་དང་ར་སྤྲོད་གནང་གི་ཡོད་པ་རེད།
ད་ཐེངས་འཛམ་གླིང་གི་སྤྱི་དམངས་ཁྲིམས་ཁང་དེས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་བོད་དང་། ཤར་ཏུར་ཀིསུ་ཐན་ནང་མི་རིགས་རྩ་མེད་གཏོང་བའི་བྱས་ཉེས་ཉེས་འཛུགས་ཁྲིམས་ཞིབ་སྐབས་ཀྱི་ཁྲིམས་དཔོན་རྣམས་ནི། དེ་སྔའི་ཨ་རིའི་སྲིད་འཛིན་ཨོ་བྷ་མའི་སྐབས་ཀྱི་ཁྲིམས་དཔོན་ཟུར་བ་སི་ཌེ་ཧྥུན་རཱ་ཕུ་(Stephen Rapp)་ལགས་དང་། སི་རི་ལན་ཁའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་སྦ་ཝ་ནི་ཧྥོན་སེ་ཁཱ་(Bhavani Fonseka) ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་མན་དྷ་ལའི་དུས་ཀྱི་ཁྲིམས་དཔོན་ཟུར་བ་ཛཀ་ཡཱ་ཀོཔུ་(Zak Yacoob)་བཅས་ཀྱིས་གནང་ཡོད་པ་རེད་འདུག
འདི་འདྲ་བའི་ཁྲིམས་གཏུག་གི་གནས་ཚུལ་གཞན་ཞིག་ནི། དེ་སྔོན་ཕྱི་ལོ་༢༠༡༤ལོར་ཡོ་རོབ་སི་པེན་དུ་གནས་སྡོད་བོད་མི་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་སྣེ་ཁྲིད་དེ་རྒྱ་ནག་གི་གཙོ་འཛིན་ཅང་ཙེ་མེན་ཐེ་བའི་རྒྱ་ནག་གི་འགོ་ཁྲིད་ཟུར་པ་ཁག་ཅིག་གིས་བོད་ནང་མི་རིགས་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱས་པའི་གྱོད་གཞི་སེ་པེན་གྱི་ཁྲིམས་ཁང་ནང་ཞུ་གཏུག་བྱས་བ་བརྒྱུད། ཁྲིམས་ཞིབ་རིམ་པ་ཐེངས་ཁ་ཤས་བྱས་ཡོད་ཀྱང་མཐར་ཁྲིམས་ཆད་གཏོང་ཡུལ་ས་ཁོངས་ཁྱབ་ཚད་ཀྱི་ཆ་ནས་རྒྱ་ནག་ལ་སྙོབས་ཀྱི་མེད་པ་བརྗོད་དེ་རྩིས་མེད་གཏོང་དགོས་བྱུང་ཡོད་པ་དེ་ནི་རྒྱལ་སྤྱིའི་རྒྱལ་མཚམས་བརྒལ་ནས་རྒྱ་ནག་གི་འགོ་ཁྲིད་ལ་བོད་ཀྱི་གནད་དོན་ཐོག་ནས་ཁྲིམས་གཏུག་བྱས་བ་ཐོག་མ་དེ་ཆགས་ཡོད་པ་རེད།
གསར་འགོད་པ། ལྕགས་མོ་འཚོ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།