རྒྱ་ནག་གི་གཅིག་གྱུར་ཟེར་བ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དད་པ་བྱེད་མི་ཆོག་པ་དེ་རེད་ཟེར།

རྒྱ་ནག་གི་གཅིག་གྱུར་ཟེར་བ་ནི་རྒྱ་ནག་གུང་ཁྲན་ཏང་གི་ཁ་ལ་ཉན་དགོས་པ་དང་། གུང་ཁྲན་ཏང་གི་འགོ་ཁྲིད་ཞི་ཅིན་ཕིང་སོགས་ལ་དད་པ་བྱེད་དགོས་པ་ལས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དད་པ་བྱེད་མི་ཆོག་པ་དེ་རེད་ཞེས་ཨཀྱཱ་རིན་པོ་ཆེ་མཆོག་གིས་གསུངས་བྱུང་།

ཨཀྱཱ་རིན་པོ་ཆེ། RFA

རྒྱ་ནག་གི་གཅིག་གྱུར་ཟེར་བ་ནི་རྒྱ་ནག་གུང་ཁྲན་ཏང་གི་ཁ་ལ་ཉན་དགོས་པ་དང་། གུང་ཁྲན་ཏང་གི་འགོ་ཁྲིད་ཞི་ཅིན་ཕིང་སོགས་ལ་དད་པ་བྱེད་དགོས་པ་ལས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དད་པ་བྱེད་མི་ཆོག་པ་དེ་རེད་ཞེས་ཨཀྱཱ་རིན་པོ་ཆེ་མཆོག་གིས་གསུངས་བྱུང་།
ད་ལོ་༢༠༢༡་ལོ་འདི་བཞིན་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་མི་ལོ་༡༠༠་ཐམ་པ་འཁོར་བའི་དུས་ཚིགས་ལ་འཁེལ་ཡོད་སྟབས། རྒྱ་ནག་པེ་ཅིང་གཞུང་གིས་ལོ་འདི་བཞིན་གལ་འགངས་ཤིན་ཏུ་ཆེ་བའི་དམིགས་བསལ་གྱི་ལོ་ཞིག་ལ་ངོས་འཛིན་བྱས་ཏེ། རྒྱ་ནག་གཞུང་གིས་གསར་འགྱུར་བརྒྱུད་ལམ་ཁག་ཚང་མ་བེད་སྤྱད་ནས་རྒྱ་ནག་རྒྱལ་ཡོངས་སུ་གུང་ཁྲན་ཏང་གི་ལོ་རྒྱུས་དང་བྱས་རྗེས་དྲིལ་བསྒྲགས་བྱས་དང་བྱེད་མུས་སུ་ཡོད་པ་ལྟར། གུང་ཁྲན་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་གོས་པའི་ལས་འགུལ་སྤེལ་བཞིན་ཡོད་པ་རེད། དེ་དང་ཆབས་ཅིག་ཏུ་སྤྱིར་ན་རྒྱ་ནག་ཡོངས་དང་ནང་སྒོས་སུ་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོག་དམ་དྲག་ནན་མོ་བྱེད་བཞིན་པའི་གནས་ཚུལ་བསྟུད་མར་བྱུང་ཡོད་པ་རེད།
རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་སྲིད་ཇུས་ཐད་ཉེ་ལམ་ཨཀྱཱ་རིན་པོ་ཆེ་མཆོག་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བཅར་འདྲི་ཞུ་སྐབས། ཨཀྱཱ་རིན་པོ་ཆེ་མཆོག་གིས། གཞི་རྩའི་ཆ་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་བ་ཟེར་བ་དང་། བོད་མི་རིགས་རྒྱ་ནག་ཅན་དུ་བསྒྱུར་བ་ལ་སོགས་ཀྱི་བཤད་སྟངས་དེ་རྒྱ་ནག་གཞུང་གིས་གཅིག་གྱུར་གྱི་བཤད་སྟངས་ཤིག་རེད། ཡིན་ནའང་ལག་བསྟར་བྱེད་དུས་མ་འདྲ་བ་ཡོང་གིན་ཡོད། ༢༠༡༥་ལོའི་ཟླ་དགུ་བའི་ནང་རྒྱ་ནག་དབུས་གཞུང་གིས་མི་རིགས་སྐོར་གྱི་ལས་དོན་ཚོགས་ཆེན་ཟེར་བ་ཞིག་འཚོགས་པ་རེད། ཚོགས་འདུ་དེའི་སྟེང་ཞི་ཅིན་ཕིང་གིས་མི་རིགས་འདྲ་མཉམ་སྐོར་བཤད་ཡོད་ཅིང་། དེ་ཡང་ཁོང་གིས་རྒྱ་མི་རིགས་ཀྱིས་མི་རིགས་ཆེན་པོ་བྱས་མི་ཆོག་ལ། དེ་བཞིན་དུ་གྲངས་ཉུང་མི་རིགས་ཚོས་ས་གནས་མི་རིགས་བྱས་མི་ཆོག་ཅེས་བཤད་རྗེས་མི་རིགས་སྐོར་ལ་དམ་དྲག་བྱེད་འགོ་ཚུགས་པ་རེད་བསམ་བྱུང་ཞེས་དང་།
དེ་བཞིན་དུ་ཡང་ཨཀྱཱ་རིན་པོ་ཆེ་མཆོག་གིས། དེ་ནས་ལོ་གཅིག་གི་རྗེས་སུ་རྒྱལ་ཡོངས་ཆོས་ལུགས་སྐོར་གྱི་ཚོགས་ཆེན་ཞིག་འཚོགས་ཡོད་པ་རེད། ཚོགས་འདུ་དེའི་སྟེང་ཞི་ཅིན་ཕིང་གིས་ཆོས་ལུགས་དེ་རྒྱ་ནག་གི་རང་བཞིན་ལྡན་པའི་ཆོས་ལུགས་སུ་བསྒྱུར་དགོས་ཞེས་བཤད་ཡོད། རྒྱ་ནག་གི་བཤད་སྟངས་སུ་རྒྱ་ནག་ནང་ཆོས་ལུགས་མ་འདྲ་བ་ལྔ་ཡོད་པར་འདོད་ཅིང་། དེ་དག་ནི་ནང་ཆོས་དང་ཏའོ་ལུགས། ཁ་ཆེ་ཆོས་ལུགས། ཡེ་ཤུ་ཆོས་ལུགས་རིགས་གཉིས་བཅས་ཡིན་ལ། རྒྱ་ནག་གཞུང་གིས་ནང་ཆོས་སྐོར་བཤད་དུས། རྒྱ་སྐད་ཐོག་གི་རྒྱ་བརྒྱུད་ནང་ཆོས་མ་གཏོགས་བོད་བརྒྱུད་ནང་ཆོས་ཁས་ལེན་བྱས་མེད། གཅིག་གྱུར་ཟེར་དུས་སུ་རྒྱ་ནག་གུང་ཁྲན་ཏང་གི་ཁ་ལ་ཉན་དགོས་བ་དང་། དེའི་འོག་ནས་གུང་ཁྲན་ཏང་གི་དབུ་ཁྲིད་ཞི་ཅིན་ཕིང་སོགས་ལ་དད་པ་བྱེད་དགོས་པ་ལས༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དད་པ་བྱས་མི་ཆོག་པ་དེ་རེད། གང་ལྟར་ནང་ཆོས་ལ་དམ་དྲག་ཞེ་དྲགས་བྱས་ཡོད་པ་མཐོང་གིན་འདུག་ཅེས་འདས་པའི་ལོ་རྒྱུས་ལ་དགོངས་པ་བཞེས་ནས་དགོངས་ཚུལ་གསུངས་གནང་འདུག
དེ་མིན་ཡང་ཨཀྱཱ་རིན་པོ་ཆེ་མཆོག་གིས་བོད་ནང་དུ་ངོ་རྒོལ་རིགས་མ་བྱས་པར་བསྟུན་ཤེས་བྱས་ན། ཁོང་ཚོས་ཀྱང་བཏང་སྙོམས་ལ་འཇོག་པ་དང་། གལ་ཏེ། སྐད་འབོད་ངོ་རྒོལ་བྱུང་ཚེ་དམ་དྲག་ཤུགས་ཆེན་བྱེད་ངེས་རེད་བསམ་གྱིན་འདུག་ཞེས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་ཨཀྱཱ་རིན་པོ་ཆེ་མཆོག་གིས་ཉེ་བའི་ལོ་ཤས་ནས་རྒྱ་ནག་གཞུང་གིས་མི་རིགས་ཀྱི་སྐད་ཡིག་སློབ་གསོར་དམ་དྲག་ནན་མོ་བྱེད་བཞིན་པའི་ཐད་དགོངས་ཚུལ་གསུངས་དོན། རྒྱ་ནག་ནང་གྲངས་ཉུང་མི་རིགས་༥༥་ཡོད་ཟེར་གི་ཡོད་པ་རེད། ཡིན་ནའང་མི་རིགས་མང་པོ་ཞིག་ལ་སོ་སོར་གོན་པ་སོགས་གོམས་གཤིས་ཙམ་ལས་མེད། དེ་ལས་ལྡོག་སྟེ་བོད་དང་ཡུ་གུར། སོག་པོ་ལྟ་བུ་ལ་མཚོན་ན། སྐད་དང་ཡི་གེས་མཚོན་པའི་རིག་གཞུང་། ལོ་རྒྱུས་སོགས་ཡོད་པས། དེ་མ་འདྲ་བ་ཆགས་ཚར་བ་རེད། དེའི་སྟབས་ཀྱིས་ཁོང་ཚོའི་བསམ་བློ་ཡིན་ན། མི་རིགས་གཞན་ཞིག་ཡོད་པ་གང་ཞིག་གིས་གཅིག་གྱུར་ལ་གནོད་པ་ཆེན་པོ་ཡོད་པ་ངོས་འཛིན་བྱས་ཡོད། ཡིན་ན་ཡང་མི་རིགས་ཁ་ཁ་ཡིན་ཡང་རང་བཞིན་དེ་རྒྱ་རིགས་དང་གཅིག་མཚུངས་སུ་བསྒྱུར་ན་གནད་དོན་ཡོང་གིན་མ་རེད། ཁོང་ཚོའི་བསམ་བློ་གཏོང་སྟངས་དེ་རེད། སྲིད་ཇུས་ཀྱང་དེ་བཞིན་ལག་བསྟར་བྱེད་བཞིན་ཡོདཔ་རེད་ཞེས་གསུངས་གནང་བྱུང་།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org