ཁེ་ན་ཌའི་ཕྱི་སྲིད་ལྷན་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་བོད་དོན་ཉན་ཞིབ་གནང་འདུག

དེ་ཡང་ཕྱི་ཟླ་༡༡པའི་ཚེས་༢༠ཉིན་ཁེ་ན་ཌའི་ཕྱི་སྲིད་ལྷན་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་གོ་སྒྲིག་བྱས་ཏེ། ཁེ་ཎ་ཌའི་རྒྱལ་ས་ཨོ་ཊ་ཝ་རུ་རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་མི་རིགས། སོག་པོ་སོཊ་གྲངས་ཉུང་མི་རིགས་དག་གི་ཐོག་དྲག་གནོན་བྱེད་བཞིན་དང་། འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན། ད་དུང་རྒྱ་ནག་གིས་རྒྱལ་མཚམས་བརྒལ་ཏེ་གོང་ཞུའི་མི་རིགས་དེ་དག་དང་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་བཅས་ལ་འཇིགས་སྐུལ་སོཊ་ཤུགས་རྐྱེན་སྤྲོད་བཞིན་པའི་གནད་དོན། བོད་ནང་གི་བཅའ་སྡོད་སློབ་གྲྭའི་ཉེན་ཚབས་སོཊ་ཀྱི་ཐོག་ཉན་ཞིབ་ཚོགས་འདུ་ཞིག་བསྡུས་ཡོད་པ་དང་། ཁེ་ཎ་ཌའི་ཁྲའོ་རོན་ཁྲའོ་གཙུག་ལག་སློབ་ཆེན་གྱི་འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་ཉན་ཞིབ་ཚོགས་འདུ་དེ་ནི་གཙོ་བོ་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་གནད་དོན་སོཊ་ཡིན་ཞིང་། ཚོགས་འདུའི་སྐབས་ཚན་ཆུང་ཁག་བགོས་ཐོག་འབྲེལ་ཡོད་གནད་དོན་ཁག་གི་སྐོར་ལ་ཉན་ཞིབ་གནང་ཡོད་པ་སོགས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
སྐབས་དེར་དགེ་རྒན་ཆེན་མོ་རྒྱལ་ལོ་ལགས་ཀྱིས་བོད་ནང་དུ་རྒྱ་ནག་གཞུང་གིས་བཙན་དབང་སྒོས་བོད་ཕྲུག་ལོ་ན་བཞི་ནས་༡༨བར་གྱི་མི་འབོར་བརྒྱ་ཆའི་༨༠ཙམ་བཅའ་སྡོད་སློབ་གྲྭར་བཅུག་ཏེ་བོད་མི་རིགས་རྒྱ་བསྒྱུར་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པའི་སྐོར་འགྲེལ་བརྗོད་གནང་བ་བཅས་ཁེ་ན་ཌ་རྒྱལ་ཁབ་ཀྱིས་འདས་བའི་ལོ་རྒྱུས་ཁྲོད་བཀག་སྡོམ་བྱས་ཟིན་པའི་སྲིད་ཇུས་དེ་ད་ལྟ་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་ཡོད་སྟབས། ཁེ་ན་ཌ་སྲིད་གཞུང་གིས་ངེས་པར་རྒྱ་ནག་གཞུང་གི་སྲིད་ཇུས་དེ་རིགས་འགོག་ཐབས་བྱེད་དགོས་ཞེས་འབོད་སྐུལ་གནང་བར་། ཚོགས་ཞུགས་པ་རྣམས་ཀྱིས་དང་ལེན་དང་དོ་སྣང་ཤུགས་ཆེར་གནང་ཡོད་པའི་སྐོར་མཚམས་སྦྱོར་གནང་སོང་།
འབུམ་རམས་པ་རྒྱལ་ལོ་ལགས་དང་ལྷན་དུ་བོད་དོན་ལས་འགུལ་བ་འཆི་མེད་ལྷ་མོ་ལགས་དང་། ཨ་རིའི་ནིའུ་ཡོག་ནང་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ཟུར་པ་(Sophie Richardson)་ལགས་བཅས་ཀྱིས་བོད་མིའི་ཕྱོགས་ཀྱི་སྐུ་ཚབ་གནང་སྟེ་འབྲེལ་ཡོད་བོད་ཀྱི་གནད་དོན་ཁག་གི་ཉན་ཞིབ་ཐོག་གསུང་བཤད་གནང་ཡོད་འདུག
འཆི་མེད་ལྷ་མོ་ལགས་ཀྱིས་ཉེ་ཆར་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིན་ཨ་རིར་འབྱོར་སྐབས་ཚོགས་སྡེ་མང་པོས་ངོ་རྒོལ་བྱས་བ་དང་། སྐབས་དེར་རྒྱ་ནག་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་ཁོང་མོར་ཆུ་སྣོད་འགྱིགས་དམ་བཞུས་ནས་མ་ནེར་རྨས་སྐྱོན་ཕོག་ཡོད་པ་ལུངས་འདྲེན་དང་བཅས། རྒྱ་ནག་གཞུང་གི་སྲིད་དབང་སྒེར་གཅོད་ཀྱི་ལམ་ལུགས་ཀྱིས་རྒྱལ་མཚམས་བརྒལ་ཏེ་ཕྱི་རྒྱལ་ཡུལ་གྲུའི་ནང་ཤུགས་རྐྱེན་སྤྲོད་བཞིན་པའི་གནས་སྟངས་ཐེར་འདོན་བྱས་ཡོད་འདུག
ཉེ་སྔོན་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིན་ཨ་རིར་འབྱོར་སྐབས་ངོ་རྒོལ་བ་དང་རྒྱབ་སྐྱོར་བའི་བར་གདོང་ཐུག་གི་དོན་རྐྱེན་འགའ་བྱུང་ཡོད་འདུག་ལ། རྒྱ་ནག་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་དེ་དག་ནི་ས་གནས་སོ་སོའི་རྒྱ་ནག་གཞུང་ཚབ་ཁང་དང་ཡན་ལག་ལས་ཁང་དག་གིས་གོ་སྒྲིག་བྱས་ཏེ་མི་རེར་ཨ་སྒོར་༢༠༠ནས་༤༠༠བར་གྱི་གླ་ཆ་སྤྲད་དེ་གླས་བ་ཡིན་སྐོར་རྒྱ་རིགས་ཤིག་གིས་འགྲེལ་བརྗོད་བྱས་འདུག
གསར་འགོད་པ། རྡོ་རྗེ་མཚོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།