ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་བཞུགས་སྒར་དུ་ཉིན་བཞིའི་རིང་འཚམས་གཟིགས་གནང་བཞིན་འདུག
བཞུགས་སྒར་དུ་ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མི་བཞི་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་འཚམས་གཟིགས་ཆེད་ཕེབས་འབྱོར་བྱུང་འདུག
- 2023-04-17
-
-
-
Your browser doesn’t support HTML5 audio
འདི་ཚེས་༡༧ཉིན་ཨོསི་ཊརེ་ལི་ཡའི་(Australia)་གྲོས་ཚོགས་འཐུས་མི་བཞི་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་རྡ་རམ་སཱ་ལར་ཕེབས་འབྱོར་བྱུང་ཡོདཔ་དང་། སྐུ་ཚབ་ཚོགས་ཆུང་དེའི་ནང་། ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འོག་མའི་ཚོགས་གཙོ་གཞོན་པ་(Sharan Claydon)་ལགས་དང་། ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་(Susane Templeman)་ལགས། (Janet Rice)་ལགས། དེ་བཞིན་སིཌ་ནིའི་གྲོས་ཚོགས་འཐུས་མི་(Sophia Scamps)་ལགས་བཅས་ཡོད་པ་དང་། ཁོང་ཚོ་དང་མཉམ་དུ་ཨོསི་ཊརེ་ལི་ཡའི་ལས་འགུལ་ཁང་གི་འགན་འཛིན་(Zoe Betford)་ལགས་དང་། ཨོསི་ཊརེ་ལི་ཡའི་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ཡང་ཕེབས་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གྷ་གྷལ་གནམ་ཐང་དུ་ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་(Sunsane Templeman)་ལགས་སུ་སྐུ་ཚབ་ཚོགས་ཆུང་ད་ཐེངས་རྡ་རམ་སཱ་ལར་ཕེབས་དོན་སྐོར་བཅར་འདྲི་ཞུས་སྐབས། ཁོང་གིས། གཙོ་བོ་ད་ཐེངས་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་དང་། བཙན་བྱོལ་བོད་མི་རྣམས་ཀྱི་གནས་སྟངས་ལ་རྟོགས་ཞིབ་བྱ་རྒྱུ་དང་། བོད་མི་ཚོ་དང་དངོས་སུ་མཇལ་ནས་ཁོང་ཚོའི་གནས་ཚུལ་ལ་ཉན་རྒྱུ་དེ་ཡིན་ལ། དེ་ནས་ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མི་གཞན་རྣམས་ལ་ངོ་སྤྲོད་གོ་རྟོགས་སྤེལ་རྒྱུ་དེ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་ཨོསི་ཊརེ་ལི་ཡའི་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། ཐེངས་འདིའི་སྐུ་ཚབ་ཚོགས་ཆུང་གི་ངོས་ནས་བཞུགས་སྒར་དུ་ཉིན་བཞིའི་རིང་། གཙོ་བོ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུ་རྒྱུ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་གཉིས་བཅས་དང་མཇལ་མོལ་གནང་རྒྱུ་དེ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།
དེ་ནས་བོད་ཁྱིམ་སློབ་གྲྭ་དང་། ནོར་བུ་གླིང་ག འགྲོ་ཕན་སྨན་རྩིས་ཁང་སོགས་སུ་འཚམས་གཟིགས་སུ་ཕེབས་རྒྱུ་ཡིན་འདུག
གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།