བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་གསོན་པོར་གནས་ཐུབ་མིན་གྱི་ཆེས་འགག་རྩའི་དུས་ལ་སླེབས་ཡོད་ཅེས་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ཀྱིས་གསུངས་འདུག

2022.10.08
བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་གསོན་པོར་གནས་ཐུབ་མིན་གྱི་ཆེས་འགག་རྩའི་དུས་ལ་སླེབས་ཡོད་ཅེས་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ཀྱིས་གསུངས་འདུག བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་གསོན་པོར་གནས་ཐུབ་མིན་གྱི་ཆེས་འགག་རྩའི་དུས་ལ་སླེབས་ཡོད་ཅེས་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ལྕམ་ཨུཛ་རཱ་ཛི་ཡ་མཆོག་གིས་གསུངས་འདུག
ཨ་རི་གཞུང་།

ཕྱི་ཟླ་ ༡༠ ཚེས་ ༤ཉིན་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཨ་རིའི་གཏན་འཇགས་སྐུ་ཚབ་ལས་ཁུངས་ཀྱིས་གོ་སྒྲིག་འོག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གནས་བབས་ཐད་ཟུར་ཚོགས་ཤིག་གནང་འདུག ཟུར་ཚོགས་དེའི་སྐབས་ཨ་རིའི་བོད་དོན་ཐད་ཀྱི་དམིགས་བསལ་འབྲེལ་མཐུད་མ་སྐུ་ཚབ་ལྕམ་ཨུཛ་རཱ་ཛི་ཡ་མཆོག་གིས་གསུང་བཤད་བྲིས་མ་ཞིག་སྤྱི་ཚེས་༦ཉིན་ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཨ་རིའི་གཏན་འཇགས་སྐུ་ཚབ་ལས་ཁུངས་ཀྱི་དྲ་རྒྱའི་ཐོག་སྤེལ་འདུག
ཁོང་གི་གསུང་བཤད་དེའི་ནང་དམིགས་བསལ་འབྲེལ་མཐུད་པ་མཆོག་གིས། བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྐད་ཡིག་གསོན་གནས་ཐུབ་མིན་འགག་རྩ་ཅན་གྱི་དུས་འདིར་ང་ཚོ་འདི་གར་ལྷན་འཛོམས་གནང་ཡོད། རྒྱ་ནག་དམར་ཤོག་གཞུང་གིས་བོད་པ་རྣམས་ལ་དྲག་གནོན་མུ་མཐུད་བྱ་རྒྱུའི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པ་དང་།
༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་སྐོར་གྱི་སྲིད་ཇུས་དེ་ལས་འབྱུང་འབྲས་གནད་འགག་ཆེ་བ་ཞིག་ཧ་ལམ་ཡོད་མི་སྲིད་པ་ཞིག་དང་། རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཀྱིས་༧གོང་ས་ཏཱ་ལའི་བླ་མ་དབུས་པའི་བོད་ཀྱི་ནང་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་རྣམ་པའི་ཡང་སྲིད་བསྐོ་གཞག་སྐོར་ཐེ་གཏོགས་བྱེད་རྒྱུའི་དམིགས་ཡུལ་ངེས་ཅན་ཞིག་ཡོད་པ་དེ་གསལ་བཏོན་གནང་ཡོད་པ་རེད་འདུག རྒྱ་ནག་དམར་ཤོག་ཚོགས་པས་ཡང་སྲིད་ངོས་འཛིན་གྱི་སྐུ་དབང་བེད་སྤྱོད་བྱེད་རྒྱུ་དེ་ནི་བོད་དོན་ཐོག་རྒྱལ་སྤྱིའི་ནང་རྒྱབ་སྐྱོར་གནང་མཁན་མེད་པ་འགྲོ་རྒྱུའི་གལ་གནད་ཅན་གྱི་གནད་དོན་ཞིག་ལ་གཟིགས་ཀྱི་ཡོད་པ་མ་ཟད། བོད་པ་ས་ཡ་དྲུག་བཙན་ཤེད་ཀྱིས་རྒྱ་ནག་ཅན་དུ་བསྒྱུར་རྒྱུར་འགག་རྩ་ཞིག་ཆགས་ཀྱི་ཡོད་ཅེས་གསུངས་འདུག
རྒྱ་ནག་དམར་ཤོག་ཚོགས་པའི་ཡང་སྲིད་སྐོར་གྱི་སྲིད་ཇུས་དེས་གཞི་རྒྱ་ཆེ་ས་ནས་རྒྱལ་སྤྱིའི་ཐོག་གི་འགྲོ་བ་མིའི་ཐོབ་ཐང་ཉམས་དམས་སུ་གཏོང་རྒྱུ་དང་བཟོ་བལྟ་བཟོ་རྒྱུ་ཞིག་ཡིན་པ་དེས། དམིགས་ས་གཙོ་བོ་ཆོས་དད་རང་མོས་དང་འགྲོ་བ་མིའི་ཆོས་ལུགས་དད་མོས་ཐོག་ལ་དོ་ཕོག་ཐེབས་རྒྱུ་ཡིན་པ་རེད་ཅེས་གསུངས་འདུག
གནད་དོན་དེ་ནི་བོད་མིའི་ཆོས་ཕྱོགས་ཀྱི་སྲོལ་རྒྱུན་ཕྱུག་པོ་དེ་མི་ཉམས་རྒྱུན་འཛིན་ཐུབ་མིན་དང་རྒྱལ་སྤྱིའི་ཐོག་ཡོད་པའི་བོད་མིའི་གཟི་བརྗིད། ང་ཚོས་གཅེས་འཛིན་བྱེད་པའི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་སྲུང་སྐྱོབ་དང་འབྲེལ་བའི་འབྱུང་འབྲས་ཐོན་རྒྱུ་ཡིན་པ་ཞིག་ཡིན་སྟབས། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ཛ་དྲག་གིས་དོ་སྣང་བྱེད་ཡུལ་ཞིག་ཆགས་ཡོད་ཅེས་གསུངས་འདུག ད་དུང་ཁོང་གིས་ཨ་རིའི་གཞུང་ཕྱོགས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་བོད་པ་ཚོར་དྲག་གནོན་བྱེད་རྒྱུ་མཚམས་འཇོག་དགོས་པ་མུ་མཐུད་གླེང་རྒྱུ་དང་། བོད་ནང་དུ་གནད་དོན་ལྷག་བཞིན་པ་དེ་དག་རྒྱ་ནག་གི་མངའ་འོག་ཤིན་ཅང་ས་ཁུལ་དུ་སྡུག་རྩུབ་ཀྱི་བྱ་སྤྱོད་དང་། དེ་བཞིན་ཧོང་ཀོང་ནང་འགྲོ་བ་མིའི་ཐོབ་ཐང་རང་དབང་སྲུང་སྐྱོབ་ཉམས་དམས་སུ་གཏོང་བ་བཅས་དང་ཐ་དད་དུ་འཇོག་ཐབས་མེད་པ་ཞིག་རེད་ཅེས་གསུངས་འདུག
ད་དུང་ཨ་རི་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནད་དོན་དེ་ཚུད་པའི་རྒྱ་ནག་གི་གཞི་རྒྱ་ཆེ་སའི་ཐོབ་ཐང་རྡོག་རོལ་གྱི་གནད་དོན་ཐོག་འབུར་དུ་ཐོན་ཐབས་སུ་རྒྱལ་སྤྱིའི་སྡིངས་ཆའི་སྟེང་མཐུན་ཕྱོགས་རྒྱལ་ཁབ་དང་ལྷན་དུ་མཉམ་ལས་དང་ཡང་ན་མཉམ་ལས་མ་ཡིན་པའི་ཐོག་ནས་ལས་དོན་བསྒྲུབ་རྒྱུ་ཡིན་པ་གསུངས་འདུག
ཡང་ཁོང་གིས་གསུང་བཤད་ནང་མུ་མཐུད་རྒྱལ་སྤྱིའི་ཐོག་བོད་དོན་རྒྱབ་སྐྱོར་ཡོང་ཐབས་སུ་རྒྱལ་སྤྱིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་། སྤྱི་དམངས་ཚོགས་པ། དེ་བཞིན་འབྲེལ་ཡོད་སྡེ་ཁག་བཅས་དང་མཉམ་འབྲེལ་བྱས་ཏེ་ཕྱག་ལས་གནང་ཐུབ་པ་ཞིག་དང་། ཨ་རི་གཞུང་གིས་སྣེ་ཁྲིད་འོག་ཐུན་མོང་གི་ནུས་པ་གཅིག་ཏུ་སྒྲིལ་ནས་རྒྱ་ནག་གཞུང་གི་དྲག་གནོན་ཅན་གྱི་སྲིད་ཇུས་ལ་འགྱུར་བ་གཏོང་རྒྱུར་ནན་བསྐུལ་མུ་མཐུད་གནང་རྒྱུ་ཡིན་ཞེས་གསུངས་འདུག
ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨུཛ་རཱ་ཛི་ཡ་མཆོག་གིས། ཏ་ལའི་བླ་མ་ཡང་སྲིད་ཐེ་ཇུས་བྱེད་མཁན་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་སུ་ཡིན་རུང་འགན་ལེན་ཡོད་པ་བྱེད་རྒྱུ་ཨ་རིའི་ཕྱོགས་ནས་ནུས་པ་གང་ཡོད་འདོན་རྒྱུ་མ་ཟད། ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་གཞན་ཚོས་ཀྱང་དེ་ལྟར་གནང་རྒྱུར་སྐུལ་མ་ཡང་གནང་ཡོད་པ་རེད་འདུག
ད་དུང་ཨ་རིའི་གཞུང་གིས་རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་གིས་རྒྱ་ནག་གིས་༧གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་བྱེད་ཐབས་ཀྱིས་ཐབས་ཇུས་སྟོན་པ་དེར་ངོས་ལེན་རྩ་བ་ནས་བྱེད་རྒྱུ་མེད་པའི་སྐུལ་མ་གནང་ཡོད་པ་རེད། དེ་བཞིན་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་རྒྱ་ནག་དམར་ཤོག་ཚོགས་པའི་ཡང་སྲིད་ལམ་ལུགས་ཐོག་ཐེ་ཇུས་ལ་ངོས་ལེན་མེད་པ་སྐད་གསང་མཐོན་པོས་སྐུལ་མ་གནང་འདུག
ཁོང་མོས་གསུང་བཤད་དེའི་ནང་མཐའ་མཇུག་ཏུ་ད་ལྟའི་སྐབས་སུ་བོད་མི་ཚོས་ཡུན་རིང་དཀའ་སྡུག་མྱོང་བཞིན་པའི་གནད་དོན་དེ་དག་སེལ་ཆེད་རྒྱ་ནག་གཞུང་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་གམ། ཁོང་གི་སྐུ་ཚབ་དབར་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ངང་དོན་སྙིང་ལྡན་པའི་གྲོས་མོལ་ཡོང་རྒྱུར་མུ་མཐུད་སྐུལ་མ་གཏོང་གིན་ཡིན་ཞེས་གསུངས་འདུག
ཡང་ཁོང་གིས་ད་ལྟའི་གནས་སྟངས་ཇི་ལྟར་ཡ་ང་བ་ཞིག་ཡིན་ན་ཡང་ང་ཚོའི་རེ་བ་དེ་རྩ་བ་ནས་བརླག་མི་འོས་པ་པ་ཞིག་རེད། དེ་ཡང་རེ་བ་ཆེ་ཤོས་དེ་བོད་ཕྱི་ནང་གཉིས་ཀྱི་མི་དམངས་ཚོའི་སྙིང་སྟོབས་དང་བརྩོན་འགྲུས། ཡིད་ཆེས་བཅས་ལས་བྱུང་བ་ཞིག་དང་ཁོང་ཚོའི་ཆོད་སེམས་དེ་སེམས་སྐུལ་ཆེ་ཤོས་ཤིག་ཡིན་པ་དང་། ཁོ་ཚོའི་མ་འོངས་པའི་རེ་བ་དང་སེམས་ཤུགས་ལ་ང་ཚོ་ཨ་རི་གཞུང་གིས་དུས་རྟག་ཏུ་ཁོང་ཚོའི་རྒྱབ་ཏུ་ལངས་རྒྱུ་ཡིན་ཞེས་གསུངས་འདུག
གསར་འགོད་པ། ཕྲ་རིང་བསྟན་ནོར།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎