བོད་དོན་ཞུ་གཏུག་མཐུན་ཚོགས་ནས་རྒྱ་གར་གྲོས་ཚོགས་གོང་འོག་ནང་བོད་དོན་གླེང་སློང་ཡོང་ཆེད་ལྡི་ལིར་བོད་དོན་ཞུ་གཏུག་གནང་བཞིན་འདུག
ཕྱི་ལོ་ ༢༠༢༥ ཟླ་བ་ ༣ ཚེས་ ༡༧ ནས་ ༢༧ བར་ཉིན་གྲངས་བཅུའི་རིང་བོད་དོན་ཞུ་གཏུག་མཐུན་ཚོགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་བཅུ་གཉིས་ཙམ་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་ཡིག་དོན་ཚན་ལྔ་ཅན་ཞིག་ཕུལ་ཏེ། བོད་དོན་ཞུ་གཏུག་ལས་འགུལ་ཐེངས་གཉིས་པ་སྤེལ་བཞིན་འདུག
དེ་ཡང་བོད་དོན་ཞུ་གཏུག་མཐུན་ཚོགས་ཀྱི་ཚོགས་མི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ཀྱིས་འགྲེལ་བརྗོད་གནང་དོན་ལ། ཐེངས་འདིའི་རྒྱ་གར་གྲོས་ཚོགས་འཐུས་མི་རྣམས་ལ་ཞུ་གཏུག་གནང་རྒྱུའི་དོན་ཚན་གཅོ་བོ་ལྔ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་སྲུང་བརྩི་དང་འབྲེལ། མགོན་པོ་མཆོག་གི་རླབས་ཆེན་མཛད་འཕྲིན་རྣམས་ངོས་འཛིན་གནང་བའི་ཐོག་གྲོས་ཚོགས་སུ་གླེང་སློང་གནང་རྒྱུ་དང་། རྒྱ་གར་གྱི་བདེ་འཇགས་དང་འབྲེལ་ཏེ་འཕགས་བོད་ས་མཚམས་ལས་རྒྱ་དཀར་ནག་གི་ས་མཚམས་ཞེས་པ་མེད་པ། རྒྱ་ནག་གཞུང་གིས་བོད་ནང་བཅའ་སྡོད་སློབ་གྲྭ་སོགས་བརྒྱུད་བོད་ཀྱི་ངོ་བོ་རྩ་མེད་གཏང་རྒྱུའི་སྲིད་བྱུས་ངན་པ་ལག་བལྟར་བྱས་བཞིན་པ། རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་ཁྱོག་བཤད་བྱས་ནས། རྒྱལ་སྤྱིའི་སྡིངས་ཆའི་ཐོག་བོད་ཅེས་པའི་ཐ་སྙད་དེ་རྩ་མེད་གཏོང་ཐབས་ཀྱི་སྲིད་བྱུས་འཛིན་གྱི་ཡོད་པས་གྲོས་ཚོག་འཐུས་མི་རྣམས་ཀྱིས་གསར་ཁང་ཁག་ལ་བཀའ་མོལ་གནང་སྐབས་ཤི་ཙང་ཅེས་པའི་ཐ་སྙད་བེད་སྤྱོད་མི་གནང་རྒྱུ། དེ་བཞིན་བོད་ཀྱི་ཁོར་ཡུག་གནས་སྟངས་ཐད་ཐུགས་སྣང་དང་གྲོས་ཚོགས་སུ་གླེང་སློང་གནང་དགོས་པའི་རེ་སྐུལ་ཞུས་ཡོད་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་རྒྱ་གར་གྲོས་ཚོགས་སུ་བོད་དོན་ཞུ་སྐུལ་གྱི་གལ་གནད་དང་འབྲེལ་ཏེ་བསོད་ནམས་ཚེ་རིང་ལགས་ཀྱིས་གསུངས་པར་གཞིགས་ན། དེ་སྔོན་བོད་དོན་ཞུ་གཏུག་མཐུན་ཚོགས་ངོས་ནས་རྒྱ་གར་གྲོས་ཚོགས་འཐུས་མི་རྣམས་ལ་བོད་ཀྱི་གནད་དོན་སྐོར་ཞུ་གཏུག་གནང་ཡོད་པར་བརྟེན། ད་ལྟ་གྲོས་ཚོགས་འཐུས་མི་རྣམས་ལ་སླར་ཡང་ཞུ་གཏུག་གནང་དུས་བོད་དོན་སྐོར་མཁྱེན་རྒྱ་དང་། རྒྱབ་སྐྱོར་ཚད་མཐོ་རུ་ཕྱིན་འདུག་པས། འབྱུང་འགྱུར་རྒྱ་གར་གྲོས་ཚོགས་འཐུས་མི་གཙོས་པའི་གནད་ཡོད་མི་སྣ་ལ་བོད་དོན་ཞུ་སྐུལ་གནང་རྒྱུ་གལ་ཆེན་པོ་ཡིན་པའི་ངེས་ཤེས་རྙེད་བྱུང་ཞེས་འགྲེལ་བརྗོད་གནང་གི་འདུག
གཞི་རྩའི་བོད་ཀྱི་ཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པ། བོད་དོན་འབྲེལ་མཐུད་ལས་ཁང་བཅས་ལས་གྲུབ་པའི་བོད་དོན་ཞུ་གཏུག་མཐུན་ཚོགས་ཀྱིས་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ནང་བོད་དོན་ལ་རྒྱབ་སྐྱོར་དང་། གྲོས་ཚོགས་ནང་བོད་དོན་གླེང་སློང་ཡོང་ཆེད་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་བཞིན་པ་རེད་འདུག །
གསར་འགོད་པ། རྡོ་རྗེ་སྒྲོལ་མ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།