བོད་དོན་ཞུ་གཏུག་མཐུན་ཚོགས་ཀྱིས་རྒྱ་གར་གྲོས་ཚོགས་སུ་བོད་དོན་གླེང་སློང་ཡོང་ཆེད་གྲོས་ཚོགས་འཐུས་མི་ ༥༠ ལྷག་ལ་ཞུ་གཏུག་གནང་འདུག

2025.03.28
བོད་དོན་ཞུ་གཏུག་མཐུན་ཚོགས་ཀྱིས་རྒྱ་གར་གྲོས་ཚོགས་སུ་བོད་དོན་གླེང་སློང་ཡོང་ཆེད་གྲོས་ཚོགས་འཐུས་མི་ ༥༠ ལྷག་ལ་ཞུ་གཏུག་གནང་འདུག བོད་དོན་ཞུ་གཏུག་མཐུན་ཚོགས་ཀྱིས་རྒྱ་གར་གྲོས་ཚོགས་འཐུས་མིར་བོད་དོན་ཞུ་གཏུག་གནང་སྐབས། ༢༠༢༥།༠༣།༢༧ ཉིན།
Tibet Advocacy Alliance

ཉིན་གྲངས་བཅུའི་རིང་བོད་དོན་ཞུ་གཏུག་མཐུན་ཚོགས་ཀྱིས། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་མངའ་སྡེ་མི་འདྲ་བ་ ༢༣ ཡིན་གྲོས་ཚོགས་འཐུས་མི་ཁྱོན་ ༥༠ ལྷག་ཙམ་ཞིག་དང་། དེ་བཞིན་ཆབ་སྲིད་ཚོགས་པ་ཁག་ ༨ ཙམ་ཞིག་གི་ཚོགས་མི་རྣམས་འཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་གི་ལས་འགུལ་ལེགས་གྲུབ་བྱུང་འདུག

དེ་ཡང་ཟླ་ ༣ ཚེས་ ༡༧ ནས་ ༢༨ ཉིན་གྲངས་བཅུའི་རིང་བོད་ཀྱི་ཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པ། བོད་དོན་འབྲེལ་མཐུད་ལས་ཁང་བཅས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ཐུན་མོང་གིས་རྒྱ་གར་གི་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུག་གི་ལས་གུལ་ཞིག་སྤེལ་ཡོད་ཅིང་། ཐེངས་དེའི་ཉིན་བཅུའི་ཞུ་གཏུག་ལས་འགུལ་སྐབས་རྒྱ་གར་གི་རྒྱལ་ས་དྷི་ལིར་རྒྱ་གར་གྲོས་ཚོགས་འཐུས་མི་ ༥༠ ལྷག་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་གནང་བར་རྒྱ་གར་གྲོས་ཚོགས་འཐུས་མི་མང་པོས་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་འདུག

ལས་འགུལ་དེའི་ཤུགས་རྐྱེན་དང་ཕན་ཐོགས་ཇི་ཡོད་སྐོར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འཆར་འགན་འཛིན་བསྟན་འཛིན་ལེགས་ལྡན་ལགས་ཀྱིས། ལས་འགུལ་འདི་རིགས་ཐེངས་གཅིག་ཙམ་མ་ཡིན་པར་མ་འོངས་པར་མུ་མཐུད་སྤེལ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། དེ་ལྟར་ཞུ་གཏུག་མུ་མཐུད་ཞུས་ན་འབྱུང་འགྱུར་རྒྱ་གར་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་གཏན་འབེབས་བྱ་ཐུབ་པའི་རེ་བ་ཡོད་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

གཞན་ཡང་ལས་འགུལ་དེའི་ནང་མཉམས་ཞུགས་གནང་མཁན་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དྲུང་ཆེ་བསྟན་འཛིན་ཉི་མ་ལགས་ཀྱིས། ཐེངས་འདིར་ཉིན་གྲངས་བཅུའི་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་སྐབས་རྒྱ་གར་གྱི་མངའ་སྡེ་མི་འདྲ་བ་ ༢༣ ཡི་གྲོས་ཚོགས་འཐུས་མི་ཁྱོན་ ༥༠ ལྷག་ཙམ་ཞིག་དང་། དེ་བཞིན་ཆབ་སྲིད་ཚོགས་པ་ཁག་ ༨ ཙམ་ཞིག་གི་ཚོགས་མི་རྣམས་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་གང་ལེགས་བྱུང་ཡོད་ཅིང་། ཁོང་རྣམས་ལ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་། རྒྱ་གར་གྲོས་ཚོགས་ནང་བོད་ཀྱི་གནད་དོན་གང་མང་གླེང་སློང་ཡོང་བའི་ཞུ་སྐུལ་ཞུས་པར། གྲོས་ཚོགས་འཐུས་མི་མང་པོས་དེ་དོན་ཞལ་བཞེས་གནང་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

གཞི་རྩའི་ཐེངས་འདིའི་རྒྱ་གར་གྲོས་ཚོགས་འཐུས་མི་རྣམས་ལ་ཞུ་གཏུག་གནང་རྒྱུའི་དོན་ཚན་གཅོ་བོ་ལྔ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་སྲུང་བརྩི་དང་འབྲེལ། མགོན་པོ་མཆོག་གི་རླབས་ཆེན་མཛད་འཕྲིན་རྣམས་ངོས་འཛིན་གནང་བའི་ཐོག་གྲོས་ཚོགས་སུ་གླེང་སློང་གནང་རྒྱུ་དང་། རྒྱ་གར་གྱི་བདེ་འཇགས་དང་འབྲེལ་ཏེ་འཕགས་བོད་ས་མཚམས་ལས་རྒྱ་དཀར་ནག་གི་ས་མཚམས་ཞེས་པ་མེད་པ། རྒྱ་ནག་གཞུང་གིས་བོད་ནང་བཅའ་སྡོད་སློབ་གྲྭ་སོགས་བརྒྱུད་བོད་ཀྱི་ངོ་བོ་རྩ་མེད་གཏང་རྒྱུའི་སྲིད་བྱུས་ངན་པ་ལག་བལྟར་བྱས་བཞིན་པ། རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་ཁྱོག་བཤད་བྱས་ནས། རྒྱལ་སྤྱིའི་སྡིངས་ཆའི་ཐོག་བོད་ཅེས་པའི་ཐ་སྙད་དེ་རྩ་མེད་གཏོང་ཐབས་ཀྱི་སྲིད་བྱུས་འཛིན་གྱི་ཡོད་པས་གྲོས་ཚོག་འཐུས་མི་རྣམས་ཀྱིས་གསར་ཁང་ཁག་ལ་བཀའ་མོལ་གནང་སྐབས་ཤི་ཙང་ཅེས་པའི་ཐ་སྙད་བེད་སྤྱོད་མི་གནང་རྒྱུ། དེ་བཞིན་བོད་ཀྱི་ཁོར་ཡུག་གནས་སྟངས་ཐད་ཐུགས་སྣང་དང་གྲོས་ཚོགས་སུ་གླེང་སློང་གནང་དགོས་པའི་རེ་སྐུལ་ཞུས་ཡོད་པ་རེད་འདུག །

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།






བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎