བོད་དོན་ཞུ་གཏུག་མཐུན་ཚོགས་ནས་ཉིན་ལྔའི་རིང་རྒྱལ་ས་ལྡི་ལིར་རྒྱ་གར་གྲོས་ཚོགས་འཐུས་མི་རྣམས་ལ་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་བ།
ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༢༥ ནས་ ༢༩ བར་བོད་དོན་ཞུ་གཏུག་མཐུན་ཚོགས་ཀྱི་ཚོགས་མི་རྣམས་ནས། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་དགུན་དུས་གྲོས་ཚོགས་འཚོག་བཞིན་པ་དང་བསྟུན། རྒྱ་གར་གཞུང་ངོས་ནས་བོད་དེ་རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཐད་རྒྱ་གར་གྲོས་ཚོགས་འཐུས་མི་རྣམས་ནས་འཚོག་བཞིན་པའི་གྲོས་ཚོགས་སུ་གླེང་སློང་གིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ། དེ་བཞིན་ཡོང་རྒྱུ་བསྡད་པའི་༸གོང་ས་མཆོག་གི་༸སྐུའི་གོ་སྟོན་སྲུང་བརྩི་དང་འབྲེལ་༸མགོན་པོ་མཆོག་གི་རླབས་ཆེན་མཛད་རྗེས་དག་གྲོས་ཚོགས་སུ་གླེང་སློང་གིས་ངོས་འཛིན་ཡོང་ཐབས་སོགས་དགོས་འདུན་དོན་ཚན་གསུམ་ཆེད་བཏོན་གྱིས། རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམས་ལ་བོད་དོན་ཐོག་གླེང་སློང་ཡོང་བའི་ཞུ་གཏུག་གི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ཉིན་ལྔའི་རིང་གི་ཞུ་གཏུག་དེའི་སྐབས་སུ་བོད་དོན་གླེང་སློང་གནང་སྐྱོང་ཡོང་བའི་འབོད་སྐུལ་དང། བོད་ནང་ཛ་དྲག་གནས་སྟངས་སོགས་ཀྱི་ཐད་གོ་རྟོགས་སྤེལ་བ་དང། རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ ༢༩ དང་ཆབ་སྲིད་ཚོགས་པ་ ༢ འཐུས་མི་ཟུར་པ་ ༢ བཅས་ཁོན་འདོམ་མི་སྣ་ ༣༣ དང་ལྷན་མཇལ་མོལ་གནང་ཡོད་སྐོར། བོད་དོན་ཞུ་གཏུག་མཐུན་ཚོགས་ཀྱི་ཚོགས་མི་དང་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་དགེ་འདུན་ཚེ་འཕེལ་ལགས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
དགེ་འདུན་ཚེ་འཕེལ་ལགས་ཀྱིས་མུ་མཐུད། བོད་དོན་ཞུ་གཏུག་མཐུན་ཚོགས་ཟེར་བའི་ཚོགས་པ་དེ་ནི། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང། བོད་ཀྱི་བུད་མེད་ལྷན་ཚོགས་དང། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དང། བོད་རང་གཙན་སློབ་ཕྲུག་ཚོགས་པ་དང། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང། འཚེ་བ་མེད་པའི་གདམ་གའི་ཐེབས་རྩ་བཅས་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དྲུག་ལས་གྲུབ་པ་ཞིག་ཡིན་ཞིང་། བོད་དོན་ཞུ་གཏུག་མཐུན་ཚོགས་ལྟ་བུའི་ཚོགས་པ་དེ་བཞིན་གསར་འཛུགས་ཆེད་འདས་པའི་ལོ་ཤས་གོང་ནས་ཚོགས་འདུ་རིམ་པའི་བརྒྱུད་ཐག་གཅོད་བྱུང་བ་ཞིག་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
ཉིན་ལྔའི་རིང་གི་ལས་འགུལ་སྐབས་སུ་བོད་ཀྱི་ཞུ་གཏུག་མཐུན་ཚོགས་ནས། རྒྱ་གར་གྱི་གྲོས་ཚོགས་འོག་མའི་འཐུས་མི་དང་རྒྱ་གར་དབུས་གཞུང་གི་ཕྱི་སྲིད་བློན་ཆེན་ཟུར་པ་སྐུ་ཞབས་ཤཱ་ཤེ་ཏཱ་རོར་གཙོས་པའི་རྒྱ་གར་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་དང་། རྒྱ་གར་གྱི་མངའ་སྡེ་འདྲ་མིན་ནས་གདེམས་ཐོན་བྱུང་བའི་གྲོས་ཚོགས་འཐུས་མི་དང། རྒྱ་གར་ལས་གནས་འདྲ་མིན་གྱི་བློན་ཆེན་སོགས་དང་ཐུག་འཕྲད་ཀྱིས་བོད་དོན་གོ་རྟོགས་དང་ཞུ་གཏུག་གི་ལས་འགུལ་སྤེལ་ཡོད་པ་དེར། གྲོས་ཚོགས་འཐུས་མི་རྣམས་ནས་ཀྱང་བོད་དོན་ལ་རྒྱབ་སྐྱོར་གནང་བ་སོགས་ལས་འགུལ་གང་ལེགས་བྱུང་ཡོད་སྐོར། འཚེ་བ་མེད་པའི་གདམ་གའི་ཐེབས་རྩ་ཁང་གི་ཚོགས་མི་དང་བོད་དོན་ཞུ་གཏུག་མཐུན་ཚོགས་ཀྱི་ཚོགས་མི་བསྟན་འཛིན་དགྲ་འདུལ་ལགས་ཀྱིས་འགྲེལ་བརྗོད་གནང་གི་འདུག
རྩ་བའི་བོད་དོན་ཞུ་གཏུག་མཐུན་ཚོགས་ཟེར་བ་ནི། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རྣམས་ཐུན་མོང་གིས་གྲོས་བསྡུར་རིམ་པའི་བརྒྱུད་གསར་འཛུགས་གནང་བ་ཞིག་ཡིན་འདུག་ཅིང་། དེའི་དམིགས་ཡུལ་གཙོ་བོ་ནི་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་གཙོས་ཆེས་མཐོའི་དཔོན་རིགས་རྣམས་ཀྱི་ཁྲོད་བོད་དོན་ཞུ་གཏུག་དང་རྒྱབ་སྐྱོར་ཐོབ་ཐབས་དང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་དམིགས་པ་ཞིག་ཡིན་པ་རེད་འདུག
གསར་འགོད་པ། བསྟན་འཛིན་ཐར་འདོད།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།