ཕྱི་ལོ་ ༢༠༢༤ ལོར་རྒྱ་ནག་གཞུང་གིས་བོད་ནང་དྲག་ཤུགས་དང་བཙན་ཐབས་ཁོ་ནས་དམ་དྲག་བྱས་ཡོད་པ་བཞིན་མ་འོངས་པར་མུ་མཐུད་བོད་ནང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་རྒྱུ་ཡིན་པ། ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག

2024.12.31
ཕྱི་ལོ་ ༢༠༢༤ ལོར་རྒྱ་ནག་གཞུང་གིས་བོད་ནང་དྲག་ཤུགས་དང་བཙན་ཐབས་ཁོ་ནས་དམ་དྲག་བྱས་ཡོད་པ་བཞིན་མ་འོངས་པར་མུ་མཐུད་བོད་ནང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་རྒྱུ་ཡིན་པ། ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག
Reuters

ཕྱི་ལོ་ ༢༠༢༤ ལོའི་ནང་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོར་ཕྱི་ཕྱོགས་སུ་ཁ་བྲལ་བར་ངན་འབྲེལ་བྱས་པའི་ཉེས་མིང་འོག་འཛིན་བཟུང་དང་། བོད་ནང་གི་ཤེས་ཡོན་ཅན་མང་པོ་འཛིན་བཟུང་། སྤྱི་ཡོངས་ནས་བོད་མི་ཚོར་ཉེས་མིང་འདྲ་མིན་འོག་ནས་འཛིན་བཟུང་དང་གར་སོང་ཆ་མེད་དུ་གཏོང་བ། གསང་བའི་ཁྲིམས་ཆད་གཅོད་པ། བོད་ནང་གི་དགོན་སྡེ་ཁག་ཏུ་ནང་བསྟན་རྒྱ་སྒྱུར་གྱི་ལས་འགུལ་དང་། བོད་སྐད་ཡིག་རྩ་མེད་དང་བོད་ཀྱི་གཙང་བོ་ཁག་ཏུ་ཆུ་རག་གསར་རྒྱག་གིས་ཁོར་ཡུག་གཏོར་སྐྱོན་དང་། ཡུལ་མི་བཙན་སྤོ་གཙོས་བོད་མི་ཚོར་སྨྲ་བརྗོད་རང་དབང་དང་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཙམ་ཡང་མེད་པའི་དམ་དྲགས་སྟངས་འཛིན་གྱི་སྲིད་བྱུས་ཤིག་རྒྱུན་འཁྱོངས་བྱས་ཡོད་པ་རེད་ལ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགྲན་འཛིན་ཟླ་བ་ཚེ་རིང་ལགས་ནས། ཕྱི་ལོ་ ༢༠༢༤་ལོ་དེར་རྒྱ་ནག་གཞུང་གིས་བོད་ཡུལ་རྒྱ་སྒྱུར་དང་བོད་རིག་རྩ་མེད་ཀྱི་སྲིད་བྱུས་ལག་བསྟར་དེ། མངོན་སུམ་འཛེམ་མེད་ངང་དྲག་ཤུགས་དང་བཙན་ཐབས་ཁོ་ནས་ལག་བསྟར་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༢༥ ལོ་ཡང་མུ་མཐུད་བོད་ནང་སྐད་ཡིག་རྩ་མེད་དང་བོད་རིགས་རྒྱ་སྒྱུར་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱ་རྒྱུ་ཐག་ཆོད་ཡིན་པ་མ་ཟད། དེང་སྐབས་རྒྱ་ནག་ནང་དཔལ་འབྱོར་ཉམ་ཆགས་ཤུགས་ཆེར་འགྲོ་བཞིན་ཡོད་པས། དེ་སྔ་དང་མ་འདྲ་བ་ཞིག་ལ་དངུལ་དངོས་ཀྱིས་བོད་མི་བསླུ་ཐབས་ཀྱིས་གནས་སྟངས་ཡོང་གི་མེད་པས། མུ་མཐུད་དྲག་རྩུབ་དང་དབང་ཤུགས་ལ་བརྟེན་ནས་དམ་དྲགས་བྱ་རྒྱུ་ཡིན་པ་འགྲེལ་བརྗོད་གནང་བྱུང་།

གཞན་ཡང་འདི་ལོའི་ཕྱི་ཟླ་ ༢ ནང་རྒྱ་ནག་གཞུང་གིས་སྡེ་དགེ་དབོན་པོ་སྟོད་ཁུལ་དུ་ཆུ་མཛོད་གསར་རྒྱག་དང་འབྲེལ་བོད་མི་ཆིག་སྟོང་ལྷག་འཛིན་བཟུང་དང་། བོད་མི་ཚོར་གང་བྱུང་བཅར་རྡུང་བཏང་བའི་གནས་ཚུལ་དང་། རྨ་ཆུ་གཙང་བོར་ཆུ་མཛོད་གསར་རྒྱག་ཆེད་ཨ་ཚོགས་དགོན་པ་བཙན་ཐབས་ཀྱིས་གནས་སྤོ་བྱས་པ། གཞན་ཡང་ཤེས་ཡོན་དང་སྐད་ཡིག་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་དང་འབྲེལ། བོད་ནང་གི་སྒེར་གཉེར་སློབ་གྲྭ་ཁག་སྒོ་བརྒྱབ་པ་དང་། དཔེ་མཚོན་གཅིག་ལ་ཕྱི་ཟླ་ ༧་ནང་བོད་ནང་གི་སྒེར་གཉེར་སློབ་གྲྭ་གྲགས་ཆེ་ཤོས་རྭ་རྒྱ་ཤེས་རིག་ནོར་བུའི་གླིང་སྒོ་བརྒྱབ་པ། ཀིརྟི་དགོན་ཁག་གི་སློབ་གྲྭ་ཁག་སྒོ་བརྒྱབ་སྟེ་སློབ་ཕྲུག་ཚོ་བཙན་ཐབས་ཀྱིས་གཞུང་གཉེར་སློབ་གྲྭར་བཅུག་པ། དགོན་སྡེ་ཁག་ཏུ་ནང་བསྟན་རྒྱ་སྒྱུར་གྱི་སྲིད་བྱུས་འོག་གྲྭ་བཙུན་ཚོར་གཞུང་ལུགས་སློབ་གཉེར་ལ་བཀག་བསྡོམས་དང་། ༧གོང་ས་མཆོག་དང་བོད་ཀྱི་བླ་སྤྲུལ་ཚོའི་ཡང་སྤྲུལ་རྒྱ་ནག་གཞུང་གི་ཐག་གཅོད་ལ་བརྩི་བཀུར་དགོས་པའི་དྲིལ་བསྒྲགས་སློབ་གསོ་སྤེལ་བ་སོགས་བྱེད་བཞིན་ཡོད་པ་རེད་ལ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ནས། ཕྱི་ལོ་ ༢༠༢༤་ལོའི་ནང་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་སྨྲ་བརྗོད་རང་དབང་དང་། ཆོས་དད་རང་དབང་། དགོན་སྡེ་ཁག་ཏུ་དམ་དྲག་གིས་གྲ་རྒྱུན་ཐད་དམ་དྲག་དང་། གྲྭ་ཆུང་ཚོ་བཙན་ཐབས་ཀྱིས་གཞུང་གཉེར་སློབ་གྲྭར་བཅུག་པ་དང་། བྱིས་པའི་ཤེས་ཡོན་ཐོབ་ཐང་ཐད་དམ་དྲག་གིས་སོ་སོའི་སྐད་ཡིག་སྦྱོང་རྒྱུའི་རང་དབང་མེད་པ་སོགས་སྤྱི་ཡོངས་ནས་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཛ་དྲག་པོ་ཆགས་ཡོད་པས། ཞི་ཅིན་ཕིན་གྱི་སྲིད་དབང་འོག་ཕྱི་ལོ་ ༢༠༢༥ ལོ་དེ་ཡང་བོད་ནང་གི་གནས་སྟངས་ཛ་དྲག་རུ་འགྲོ་རྒྱུ་ཡིན་པ་མངོན་གསལ་ཡིན་ན་ཡང་། རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱལ་ཁག་མང་པོས་བོད་དོན་ཐད་གླེང་སློང་ཤུགས་ཆེར་གནང་བཞིན་པས། མ་འོངས་པར་བོད་ནང་གུ་ཡངས་དང་རང་དབང་གི་དུས་ཚོད་ཅིག་ཤར་རྒྱུའི་རེ་བ་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

ཕྱི་ལོ་ ༢༠༢༤ ལོར་ཨ་རིར་བརྟེན་གཞི་བྱས་པའི་རང་དབང་ཁང་པའི་འཛམ་གླིང་གི་སྲིད་དོན་རང་དབང་གི་སྙན་ཐོའི་ནང་། བོད་དེ་འཛམ་གླིང་ནང་རང་དབང་ཧ་ཅང་ཞན་པའི་ས་ཁུལ་དུ་ངོས་འཛིན་གྲུབ་དོན་བཏོན་ཡོད་པ་རེད་ལ། ཕྱི་ལོ་ ༢༠༢༤་ལོའི་ནང་ཨ་རིའི་གཞུང་གིས་བོད་རྒྱའི་རྩོད་རྙོག་ལ་སྐུལ་འདེད་གཏོང་བའི་ཁྲིམས་འཆར་གཏན་འབེབས་དང་། དེ་བཞིན་ཕྱི་ཟླ་ ༦་ནང་ཁ་ན་ཊ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས། བོད་ཀྱི་རང་ཐག་རང་གཅོད་ཀྱི་ཁྲིམས་འཆར་གཏན་འབེབས་གནང་ཡོད་པ་རེད་ལ། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་བོད་དོན་རྒྱབ་སྐྱོད་དང་དབྱིན་ཡུལ་གྲོས་ཚོགས་སོགས་ཀྱི་ནང་བོད་རང་བཙན་གྱི་གནས་བབ་བསྐྱར་བཤད་སོགས་ཀྱི་གནས་སྟངས་བྱུང་ཡོད་པ་རེད་ལ།  ཐེ་ཝན་དང་ཨེ་ཤེ་ཡ་བརྗེ་རེས་ཐེབས་རྩ་ཁང་གི་ཉམས་ཞིབ་པ་སཱ་ན་ཧ་ཤི་མི་ (Sana Hashmi) ལགས་ནས། འཛམ་གླིང་མི་མང་གིས་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་དང་། ཞི་ཅིན་ཕིན་གྱི་སྲིད་དབང་འོག་བོད་བརྒྱུད་ནང་བསྟན་ལ་དམ་དྲག་སྟངས་འཛིན་ཤུགས་ཆེར་བྱེད་བཞིན་པ་མཐོང་ཐོས་བྱུང་གི་ཡོད་ན་ཡང་། རྒྱལ་སྤྱིའི་སྟེང་བོད་དོན་ཐད་རྒྱབ་སྐྱོར་དང་བོད་ཀྱི་གནད་དོན་གླེང་སློང་གི་སྒེའུ་ཁུང་ཆུང་ཆུང་དང་དུས་ཐུང་ཞིག་ལས་ཡོང་གི་མེད་པ་དང་། ད་ལྟའི་ཆར་བོད་ནང་གི་གནས་བབ་དེ་ཡུ་གུར་གྱི་གནས་སྟངས་ལས་ཀྱང་སྡུག་པོ་ཡོད་པ་དང་། མ་འོངས་པར་མུ་མཐུད་ཞི་ཅིན་ཕིན་གྱི་སྲིད་དབང་འོག་བོད་ནང་གི་ཛ་དྲག་གནས་སྟངས་མུ་མཐུད་གནང་རྒྱུ་ཡིན་ན་ཡང་། ཕྱི་ལོ་ ༢༠༢༥ ལོར་ཨ་རིའི་སྲིད་འཛིན་གསར་བ་གཙོས་རྒྱལ་སྤྱིའི་སྟེང་རྒྱ་ནག་དང་འབྲེལ་བའི་གནད་དོན་མང་དག་ཅིག་ཡོང་རྒྱུ་ཡིན་པ་མ་ཟད། རྒྱ་གར་ནག་གི་འབྲེལ་ལམ་ཁྲོད་བོད་དོན་གལ་ཆེན་པོ་ཆགས་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

ལྷག་པར་དེང་སྐབས་རྒྱ་ནག་གཞུང་གིས་བོད་ཀྱི་མིང་དེ་བཞིན་རྒྱལ་སྤྱི་རང་བཞིན་ནས་བོད་ཀྱི་མིང་སྒྱུར་ཐབས་དང་། ཕྱིའི་རྒྱལ་ཁབ་ཁག་གི་ནང་བོད་དང་བོད་མིའི་གནད་དོན་སྟེང་སྲིད་དོན་གྱི་ཐབས་བྱུས་འདྲ་མིན་དང་། བོད་མི་ཚོར་རྒྱལ་མཚམས་ལས་བརྒལ་བའི་བཙན་གནོན་རྒྱ་སྐྱེད་གཏོང་ཐབས་བྱེད་བཞིན་པའི་གནས་སྟངས་ལ་མ་ལྟོསད་པར།  ཧྥ་རན་སིའི་རྒྱལ་ས་པེ་རི་སེ་ལ་ཡོད་པའི་འགྲེམས་སྟོན་ཁང་གཉིས་ནས་བོད་ཀྱི་མིང་ཚབ་ཏུ་རྒྱ་ནག་གིས་བཀོལ་བཞིན་པའི་མིང་ཚིག་བེད་སྤྱོད་ཐད་བོད་མི་ཚོས་ངོ་རྒོལ་རིམ་པར་བྱས་ཡོད་པ་རེད་ལ། དེ་མིན་(Thermo Fisher)བཟོ་ཚོང་ཁང་གིས་རྒྱ་ནག་གཞུང་དང་མཉམ་འབྲེལ་གྱིས་བོད་ནང་གི་བོད་མི་ཚོའི་རིགས་རྫས་བསྡུ་ལེན་ལ་བོད་མི་ཚོས་ངོ་རྒོལ་ཤུགས་ཆེར་བྱས་ཡོད་པ་རེད་ལ། ཡང་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་བསྟན་འཛིན་ལེགས་ལྡན་ལགས་ནས། སྤྱིར་ལོ་ལྟར་རྒྱ་ནག་གཞུང་གིས་བོད་ནང་དུ་དམ་དྲགས་དང་དྲག་གནོན་གྱི་གནས་སྟངས་ཆེ་རུ་མ་གཏོགས་ཆུང་དུ་འགྲོ་རྒྱུ་མེད་པ་ཞིག་ཡིན་པ་དང་། འདི་ལོ་རྒྱལ་སྤྱིའི་སྟེང་ནས་བོད་དོན་དང་འབྲེལ་བའི་གནས་ཚུལ་མང་དག་ཅིག་བྱུང་སོང་ན་ཡང་། རྒྱ་ནག་གཞུང་གིས་བོད་ནང་གི་གཙང་བོ་ཁག་ཏུ་ཆུ་རག་འཛུགས་སྐྲུན་དང་རྒྱལ་སྤྱིའི་སྟེང་བོད་ཀྱི་མིང་ལ་ཤི་ཙང་དུ་སྒྱུར་བ་སོགས་ཀྱི་གནས་སྟངས་ཐད་དོ་སྣང་ཤུགས་ཆེ་རུ་དགོས་པ་དང་། ལྷག་པར་དུ་ད་ལྟའི་ཆར་རྒྱ་གར་ནག་གཉིས་ཀྱི་ས་མཚམས་གནས་བབ་སོགས་ལ་གཞིགས་ནས། བོད་དོན་དེ་རྒྱ་གར་ནང་ཤུགས་ཆེ་རུ་གཏོང་དགོས་པའི་གནས་བབས་ཤིག་ཆགས་ཡོང་གི་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་ཡང་སྲིད་ཐད་ཐེ་བྱུས་བྱེད་བཞིན་པ་སོགས་ལ་ལས་འགུལ་ཤུགས་ཆེ་རུ་སྤེལ་དགོས་པའི་གནས་སྟངས་མཐོང་གི་ཡོད་སྐོར་བརྗོད་བྱུང་།

ཕྱི་ལོ་ ༢༠༢༥ ལོ་དེ་བཞིན་རྒྱལ་སྤྱིའི་སྟེང་ནས་ཨ་རིའི་སྲིད་འཛིན་གསར་བ་བསླེབས་བཞིན་པ་དང་། ཨུ་རུ་སུ་དང་ཡོ་ཀི་རན་གྱི་དམག་འཁྲུག་གནད་དོན། དེ་བཞིན་དཀྱིལ་ཤར་ཨེ་ཤ་ཡའི་དམག་འཁྲུག་གི་གནད་དོན། གཞན་ཡང་རྒྱ་ནག་གི་དཔལ་འབྱོར་ཉམ་ཆགས་དང་རྒྱ་ནག་ནང་ཁུལ་གྱི་སྲིད་དབང་བརྟན་བརླིང་སོགས་ལ་སྤྱི་ཡོངས་ནས་འགྱུར་བ་འགྲོ་གཞིར་གྱུར་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་གནང་གི་ཡོད་པ་རེད་ལ། རྒྱ་གར་གྱི་རྒྱ་ནག་སྐོར་གྱི་གནད་དོན་དབྱེ་ཞིབ་པ་དང་རྒྱ་གར་ཞི་བདེ་རྒྱ་མཚོའི་ཉམས་ཞིབ་ལས་འཆར་གྱི་འགན་འཛིན་(Manoj Kewalramani)ལགས་ནས་། རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་བྱེད་བཞིན་པའི་གནས་སྟངས་ཐད་འགྱུར་བ་འགྲོ་རྒྱུའི་གནས་སྟངས་དམིགས་བསལ་མཐོང་གི་མེད་ལ། སྤྱིར་ཕྱི་ལོ་ ༢༠༢༥ ལོར་རྒྱལ་སྤྱིའི་སྟེང་འགྱུར་བ་མང་དག་ཅཅིག་ཡོང་གཞིར་གྱུར་ཡོད་ན་ཡང་། གནད་དོན་དེ་དག་གིས་བོད་ཀྱི་གནད་དོན་ལ་འགྱུར་བ་ཡོང་རྒྱུའི་རེ་བ་མེད་པ་དང་། བོད་ཀྱི་གནད་དོན་ལ་འགྱུར་བ་འགྲོ་གཞིའི་གཞི་རྩ་གཙོ་བོ་དེ། ༧གོང་ས་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་ནས་གླེང་སློང་མང་པོ་ཡོང་སྐབས། བོད་ཀྱི་གནད་དོན་ཐད་རྒྱལ་སྤྱིའི་སྟེང་གླེང་སློང་ཡོང་རྒྱུ་ཡིན་པ་དང་། སྐུའི་ཡང་སྲིད་ཐད་རྒྱ་ནག་ལ་གྲ་སྒྲིག་ཨང་གསར་ཡོད་པས་རྒྱ་གར་དང་ཨ་རི་སོགས་ཀྱིས་དེ་བཞིན་གྲ་སྒྲིག་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་། གཞན་ཡང་རྒྱ་གར་ནག་གཉིས་ཀྱི་ས་མཚམས་གནད་དོན་དང་འབྲེལ་བོད་དོན་གནད་དོན་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པས། མ་འོངས་པར་དུས་ཡུན་རིང་པོའི་རྗེས་རྒྱ་གར་ནག་གཉིས་ཀྱི་གྲོས་མོལ་ཁྲོད་བོད་དོན་ཡོང་རྒྱུའི་རེ་བ་ཡོད་སྐོར་སྐོར་དང་། རྒྱ་ནག་ནང་དཔལ་འབྱོར་ཉམ་ཆགས་རྐྱེན་དཀའ་ངལ་ཡོང་གི་ཡོད་པ་མ་ཟད། རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱི་སྲིད་དབང་ཁྲོད་བརྟན་པོ་མེད་པ་ཡོང་གི་ཡོད་པས། ལྐོག་ཟ་རུལ་སུངས་སོགས་ཀྱི་མིང་ཐོག་ནས་མཐོ་རིམ་མགོ་ཁྲིད་མང་པོ་གནས་དབྱུང་གཏོང་དགོས་ཆགས་ཀྱི་ཡོད་པ་སོགས་འགྲེལ་བརྗོད་གནང་བྱུང་།

སྤྱིར་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་སྨྲ་བརྗོད་རང་དབང་དང་། འགྲོ་སྐྱོད་རང་དབང་། ཤེས་ཡོན་རང་དབང་། གང་བྱུང་འཛིན་བཟུང་དང་། གསང་བའི་བཙོན་འཇུག་སོགས་ལ་རྣམ་པ་ཅི་རིགས་ཀྱི་སྒོ་ནས་སྟངས་འཛིན་དང་། དྲག་གནོན་ཤུགས་ཆེར་བྱས་ཏེ། བོད་མི་ཚོར་མཐའ་ན་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཙམ་ཡང་མེད་པའི་གནས་སུ་ལྷུང་ཡོད་པ་བཞིན། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཕྱི་ལོ་ ༢༠༢༤ ལོ་གཅིག་པུར་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་དང་། སྤྱི་ཚོགས་བདེ་འཇགས། སྤྱི་ཚོགས་ཟིང་སློང་བ་སོགས་ཀྱི་ཉེས་མིང་སྣ་ཚོགས་འོག་བོད་མི་ ༡༥ ལྷག་འཛིན་བཟུང་བཙན་ཁྲིད་དང་འདྲི་རྩད་འགུག་གི་སོགས་ཀྱི་གནས་ཚུལ་བྱུང་བའི་ཁྲོད། ཁྱུང་མཆུ་ནས་ཡིན་པ་གཞས་པ་བགེགས་འཇོམ་རྡོ་རྗེ་ལགས་ནས་གཞས་བཏང་བ་ཁྲིམས་དང་འགལ་བའི་ཉེས་མིང་འོག་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་ཡོད་པ། ཕྱི་ཟླ་ ༩་ནང་དགེ་འདུན་པ་བྱམས་པ་ཆོས་འཕེལ་ལགས་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་བ། ཕྱི་ཟླ་༩་ནང་བོད་ཀྱི་དྲ་ལམ་སྐད་ཡིག་ལས་འགུལ་བ་སྒང་ལྷ་བྱ་ལགས་སུ་འབོད་འགུག་འདྲི་རྩད་བྱས་པ། ཕྱི་ཟླ་༩་ནང་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་ཐབས་མཁས་ལགས་སུ་གསང་བའི་ཁྲིམས་ཐག་ལོ་གསུམ་བཅད་པ། བོད་ནང་གི་ཁྱུང་མཆུ་ནས་ཡིན་པ་མཚོ་སྔོན་ཚེ་རིང་ལགས་འཛིན་བཟུང་གིས་ཟླ་བརྒྱད་ཀྱི་ཁྲིམས་ཐག་བཅད་པ། རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་བསམ་གཏན་ལགས་དང་། བློ་བཟང་འཕྲིན་ལས་ལགས། ཁྱིམ་ཚང་གཅིག་གི་མིང་སྲིང་ཡིན་པ་ཚེ་རིང་བཀྲ་ཤིས་ལགས་དང་བན་སྐྱིད་ལགས་བཅས་སུ་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པའི་ཉེས་མིང་འོག་འཛིན་བཟུང་བཙན་ཁྲིད་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ནོར་འཛོམས།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

 

 

 

 

 

 

 

 

 

 



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎