རྒྱ་ནག་གཞུང་གིས་ཆབ་སྲིད་བཙོན་པ་ཚོ་ནང་བསྟན་རྒྱ་བསྒྱུར་གྱི་ལས་གཞིའི་ནང་བཙན་འདེད་བྱེད་བཞིན་ཡོད་འདུག
རྒྱ་ནག་གཞུང་གིས་བོད་ནང་གི་ཆབ་སྲིད་བཙོན་པ་དང་ཤེས་ཡོན་ཅན་ཚོ་བོད་བརྒྱུད་ནང་བསྟན་རྒྱ་བསྒྱུར་གྱི་ལས་གཞི་ཟེར་བ་དེའི་ནང་བཙན་འདེད་དང་རིག་གནས་རྒྱ་བསྒྱུར་གྱི་ཆབ་སྲིད་སློབ་གསོ་སྤྲོད་བཞིན་ཡོད་འདུག
- 2021-11-09
-
-
-
འདི་ལོ་ནས་བཟུང་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་ཞིང་ལྗོངས་ལྔ་ཟེར་བའི་ནང་ཞི་ཅིན་ཕིང་གི་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བའི་ཁ་ཕྱོགས་ལ་སྐུལ་འདེད་གཏོང་ཆེད། བོད་བརྒྱུད་ནང་བསྟན་རྒྱ་ཡིག་ནང་བསྒྱུར་ཏེ་ཁྱབ་གདལ་གཏོང་དགོས་པའི་སྲིད་བྱུས་ཤིག་ལག་བསྟར་བྱེད་བཞིན་ཡོད་པ་ལྟར། ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ནག་ཉེས་གཡོག་སྟེ། འཛིན་བཟུང་བཙོན་འཇུག་དང་བཀག་ཉར་འོག་ཡོད་པའི་བོད་མི་ཤེས་ཡོན་ཅན་དག་བཙན་ཐབས་ཀྱིས་ལས་གཞི་དེའི་འོག་འཇུག་བཞིན་ཡོད་པ་བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་། ཡིན་ན་ཡང་། བདེ་འཇགས་ཆེད་ལས་གཞི་དེའི་ཁྲོད་བཅུག་ཡོད་པའི་ཆབ་སྲིད་བཙོན་པ་ཁག་གི་མིང་འབོད་མི་བྱེད་པའི་རེ་སྐུལ་བྱས་བྱུང་བས་བཅུག་མེད།
གོང་ཞུས་གནས་ཚུལ་མཁོ་སྤྲོད་པས་བརྗོད་དོན་ལྟར་ན། ནང་བསྟན་རྒྱ་བསྒྱུར་གྱི་ལས་གཞི་དེ་རྒྱ་ནག་རི་བོ་རྩེ་ལྔ་གཙོས་རྒྱ་ནག་ནང་ཁུལ་གྱི་དགོན་པ་ཆུང་ཆུང་ཁག་ནང་ཆེད་འཛུགས་བྱེད་བཞིན་པ་མ་ཟད། སྤྱིའི་ཆ་ནས་ལས་གཞི་དེའི་འོག་ལ་བོད་ནང་གི་ཤེས་ཡོན་པ་མང་པོ་ཞིག་རང་གི་འདོད་མོས་ཡོད་མེད་ལ་མ་བལྟོས་པར་གཏོང་གི་ཡོད་ན་ཡང་། ཆབ་སྲིད་བཙོན་པ་ཚོར་མཚོན་ན་ལས་གཞི་དེ་དང་འབྲེལ་ནས་རྒྱ་ཡིག་རྒྱ་སྐད་ཆེད་སྦྱོང་བྱེད་དགོས་སྐོར་བརྗོད་ནས། རིག་གཞུང་རྒྱ་སྒྱུར་གྱི་ཆབ་སྲིད་སློབ་གསོ་སྤྲོད་བཞིན་ཡོད་པ་དང་། ཕྱི་ཚུལ་ཙམ་ནས་ཆབ་སྲིད་བཙོན་པ་ཚོར་ལས་ཀ་སྤྲོད་བཞིན་པ་ལྟ་བུ་མཐོང་ན་ཡང་། དོན་དངོས་སུ་ལས་གླ་མེད་པ་དང་མི་སུ་གཅིག་དང་འབྲེལ་འདྲིས་དང་། ཡར་མར་འགྲོ་བསྐྱོད་སོགས་མི་ཆོག་པར་བཙན་ཐབས་དང་ངལ་རྩོལ་བསྒྱུར་བཀོད་ཀྱི་ངོ་བོ་ཞིག་ཆགས་བཞིན་ཡོད་སྐོར་བརྗོད་བྱུང་།
རྒྱ་ནག་གཞུང་གིས་ནང་བསྟན་རྒྱ་བསྒྱུར་གྱི་ལས་གཞི་ཟེར་བ་དེ་ད་ལྟའི་ཆར་བོད་རང་སྐྱོང་ལྗོངས་དང་། མཚོ་སྔོན་ཞིང་ཆེན། ཀན་སུའུ་ཞིང་ཆེན། སི་ཁྲོན་ཞིང་ཆེན། ཡུན་ནན་ཞིང་ཆེན་ཟེར་བ་བཅས་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་བོད་ཀྱི་ས་ཁུལ་ཚང་མའི་ནང་སྤེལ་བཞིན་པ་མ་ཟད། བོད་ནང་གི་ཤེས་ཡོན་པ་དང་སློབ་གསོ་བ་སོགས་མི་སྣ་མང་པོ་ཞིག་བཙན་ཐབས་ཀྱིས་ལས་གཞི་དེའི་ནང་འགྲོ་དགོས་པའི་སྐུལ་མ་སོགས་བྱེད་བཞིན་ཡོད་པ་དང་། བཙན་བྱོལ་ནང་གནས་སྡོད་མིང་དང་སྡོད་གནས་སོགས་བརྗོད་འདོད་མེད་མཁན་གནས་ཚུལ་ཡོང་ཁུངས་ཞིག་ནས། ཐེངས་འདིའི་ནང་བསྟན་རྒྱ་སྒྱུར་གྱི་ལས་གཞིའི་ཁྲོད་ཆབ་སྲིད་བཙོན་པ་ཙམ་མ་ཡིན་རྒྱ་གཞུང་གི་ཆབ་སྲིད་ལྟ་སྤྱོད་དང་མི་མཐུན་མཁན་གྱི་ཤེས་ཡོན་པ་དང་། དེ་བཞིན་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་ཤུགས་རྐྱེན་ཆེ་བའི་ཤེས་ཡོན་པ་དང་སློབ་གསོ་བ། རྩོམ་པ་པོ་སོགས་ཡོད་སྐོར་བརྗོད་བྱུང་།
འདི་ལོའི་ཕྱི་ཟླ་༩་བའི་ཚེས་༢༧་ཉིན་རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་ནང་བསྟན་སློབ་གླིང་ཞེས་པ་རུ། བོད་མདོ་དབུས་ཁམས་གསུམ་གྱི་མི་སྣ་ལས་གྲུབ་པའི་ཚོགས་འདུ་ཞིག་ཚོགས་ཏེ། བོད་བརྒྱུད་ནང་བསྟན་གྱི་སློབ་གྲྭ་ཁག་དང་ལས་རིགས་ཚང་མའི་ནང་རྒྱལ་ཁབ་ཀྱི་སྤྱི་སྐད་ཁྱབ་གདལ་གཏོང་ཆེད་ནང་བསྟན་རྒྱ་ཡིག་ལ་སྒྱུར་དགོས་སྐོར་བཤད་ཡོད་པ་ལྟར། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས། སྤྱིར་ད་ལྟའི་ཆར་ལས་གཞི་དེ་མངོན་ལྐོག་གཉིས་ནས་བརྩམས་བཞིན་ཡོད་པ་མ་ཟད། ཆབ་སྲིད་བཙོན་པ་ཚོ་དམིགས་བསལ་ལས་གཞི་དེའི་ཆེད་རིག་གནས་རྒྱ་སྒྱུར་གྱི་སྦྱོང་བརྡར་སྤྲོད་བཞིན་ཡོད་པ་དང་། ལས་གཞི་དེའི་དམིགས་ཡུལ་གཙོ་བོ་བོད་ཀྱི་རིག་གནས་ཀྱི་རྩ་བ་དེ་དགོན་སྡེ་ཁག་ཆགས་ཡོད་སྟབས། བོད་ཀྱི་སྐད་ཡིག་ཁྲོད་ཡོད་པའི་ནང་བསྟན་རིག་གནས་རྒྱ་ཡིག་ནང་བསྒྱུར་སྟེ། བོད་སྐད་ཡིག་རྩ་ནས་བེད་སྤྱོད་མེད་པར་གཏོང་ཐབས་ཤིག་ཡིན་སྐོར་གསུངས་བྱུང་།
སྔར་ལོ་རྒྱ་ནག་གཞུང་གིས་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཟེར་བའི་སྟེང་། ཞི་ཅིན་ཕིང་གིས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་མགྱོགས་མྱུར་བསྒྱུར་དགོས་པའི་གཏམ་བཤད་སྤེལ་བ་ནས་བཟུང་། རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་ཏུ་རྣམ་པ་འདྲ་མིན་ཐོག་ནས་ནང་བསྟན་རྒྱ་སྒྱུར་གྱི་ལས་གཞི་འདྲ་མིན་སྤེལ་བཞིན་པ་མ་ཟད། མཚོ་སྔོན་ཞིང་ཆེན་ལྟ་བུར་མཚོན་ན་འདི་ལོ་ནས་ཆོས་ལུགས་སྲོལ་ཡིག་ཟེར་བ་སོགས་སུ་ནང་བསྟན་རྒྱ་ཡིག་ནང་བསྒྱུར་དགོས་པའི་ཁྲིམས་གཞི་གཏན་འབེབ་བྱས་ཡོད་པ་རེད་ལ། རྒྱ་ནག་གཞུང་ཕྱོགས་ནས་བོད་བརྒྱུད་ནང་བསྟན་སྦྱང་རྒྱུར་རྒྱ་ཡིག་སྤྱོད་རྒྱུ་ནི་མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ཆོས་ཉིད་དང་། སྐད་ཡིག་བརྗེ་བསྒྱུར་ནི་ནང་བསྟན་རྒྱ་ནག་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པའི་ཐབས་ལམ་གྱི་གདམ་ག་ཉག་ཅིག་ཡིན་པའི་དྲིལ་བསྒྲགས་སློབ་གསོ་སྤེལ་བཞིན་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།