ཆབ་སྲིད་བཙོན་ཟུར་ཐུབ་བསྟན་ཡེ་ཤེས་ལགས་བོད་ཀྱི་རྒྱལ་ས་ལྷ་སར་དགོངས་པ་རྫོགས་པའི་གནས་ཚུལ་ཐོན་འདུག
ཕྱི་ལོ་ ༢༠༢༤ ཟླ་བ་ ༩ ཚེས་ ༢༨ ཉིན་གྱི་བོད་ནང་གི་དགོང་མོ། བོད་ཀྱི་རྒྱལ་ས་ལྷ་སའི་མལ་དྲོ་གུང་དཀར་རྫོང་ཁོངས་རྒྱ་མ་མདའ་ཤར་ནས་ཡིན་པ། ཆབ་སྲིད་བཙོན་ཟུར་དང་མི་ལོ་ ༡༥ ལྷག་རིང་རྒྱ་ནག་གི་བཙོན་འོག་ཏུ་བཅུག་པ། བོད་ཀྱི་ཆབ་སྲིད་བཙོན་ཟུར་ཐུབ་བསྟན་ཡེ་ཤེས་ལགས་རྒྱལ་ས་ལྷ་སར་སྐུ་གཤེགས་ཡོད་པ་དང་། བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་རྣམ་རྒྱལ་གྲྭ་ཚང་གི་དགེ་རྒན་ངག་དབང་འོད་འབར་ལགས་ནས། ཐུབ་བསྟན་ཡེ་ཤེས་ལགས་ཀྱིས་འདས་པའི་ལོ་ངོ་ ༡༥ རིང་རྒྱ་རྒོལ་ལས་འགུལ་རྐྱེན་གྱིས་རྒྱ་ནག་གི་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་མྱོང་དགོས་བྱུང་ཡོད་པ་རེད་ལ། ཁོང་འདས་གྲོངས་སུ་ཕྱིན་པ་དེ་ཡིད་སྐྱོའི་གནས་ཚུལ་ཞིག་ཡིན་པ། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཆབ་སྲིད་བཙོན་ཟུར་ཐུབ་བསྟན་ཡེ་ཤེས་ལགས་ནས་དེ་སྔ་ཕྱི་ལོ་༡༩༩༢ལོར། བོད་རང་བཙན་གཙང་མའི་རྒྱལ་ཁབ་ཡིན། རྒྱ་དམར་བོད་ནས་ཕྱིར་ཐོན་དགོས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་རྒྱ་སྒོལ་སྐད་འབོད་བྱས་རྐྱེན་འཛིན་བཟུང་བཙོན་མཇུག་བྱས་ཡོད་པ་དང་། ངག་དབང་འོད་འབར་ལགས་ནས་མུ་མཐུད་ཕྱིར་དྲན་དང་བཅས། ཐུབ་བསྟན་ཡེ་ཤེས་ལགས་བཙོན་དུ་བཅུག་དགོས་པའི་རྒྱུ་རྐྱེན་གཙོ་བོ་སྐབས་དེ་དུས་རྒྱ་ནག་གཞུང་གིས། བོད་ས་ཡོངས་སུ་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་བ་དང་འབྲེལ། མལ་གྲོ་གུང་རྫོང་རྒྱ་མ་ཤང་ནང་དུ་རྒྱ་ནག་གཞུང་གིས་མི་མང་འདུ་བསྡུ་སྐོང་གིས། ལས་བྱེད་དང་དྲག་ཆས་དམག་མི་ ༢༠༠ ལྷག་གིས་རྒྱ་ནག་གི་ཆབ་སྲིད་སློབ་གསོའི་ཚོགས་འདུ་ཚོགས་བཞིན་པའི་སྐབས་དང་བསྟུན། ཐུབ་བསྟན་ལགས་གཙོས་པའི་བོད་མི་དྲུག་གིས་བོད་རང་བཙན་ཡིན། རྒྱ་དམར་བོད་ནས་ཕར་རྒྱུགས་ཞེས་པའི་སྐད་འབོད་བྱས་རྐྱེན་ཡིན་སྐོར་འགྲེལ་བརྗོད་གནང་གི་འདུག
བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ནང་འཁོད་པའི་ཐུབ་བསྟན་ཡེ་ཤེས་ལགས་ཀྱི་ལོ་རྒྱུས་ནང་། ཐུབ་བསྟན་ལགས་ནི་ཕྱི་ལོ་ ༡༩༥༠ ལོར་མལ་དྲོ་གུང་དཀར་རྫོང་ཁོངས་རྒྱ་མ་མདའ་ཤར་ལ་འཁྲུངས་ཤིང་། རང་ལོ་བརྒྱད་ནས་བཅུ་བཞི་བར་སློབ་ཆུང་འགྲིམས་ཞིང་། རྗེས་སུ་རང་ཁྱིམ་དུ་ཞིང་ལས་གཉེར་ནས་བཞུགས་ཡོད་ན་ཡང་། ཕྱི་ལོ་ ༡༩༩༢ ཟླ་ ༦ ཚེས་ ༡༢ ཉིན་རྒྱ་སྒོལ་སྐད་འབོད་རྐྱེན་གྱིས་འཛིན་བཟུང་གིས། ལྷ་ས་གྲོང་འཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་མི་ལོ་ ༡༥ བཙོན་བཅུག་ཁྲིམས་བཅད་ཀྱིས་གྲྭ་བཞི་བཙོན་ཁང་དུ་ཕྱི་ལོ་ ༢༠༠༧ ཟླ་ ༦ པའི་བར་བཙོན་བཅུག་བྱས་ཡོད་པ་བཅས་བཀོད་འདུག
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།