ཕྱི་ལོ་ ༢༠༢༤ ཟླ་བ་ ༦ ཚེས་ ༢༧ ཉིན། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འབྲེལ་ཡོད་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་ ༢༠༢༢ ཟླ་བ་ ༦ ཚེས་ ༡༤ ཉིན་རྒྱ་ནག་གཞུང་གིས། རྒྱལ་ཁབ་ཁ་བྲལ་དང་སྤྱི་ཚོགས་ཟིང་འཁྲུག་གི་ཉེས་མིང་གཡོགས་ཏེ། ལོ་བཞི་དང་ཟླ་བ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ། བོད་མི་ན་གཞོན་ཤེས་ཡོན་པ་ཐུབ་བསྟན་བློ་གྲོས་ལགས་སུ་དེང་སྐབས་བཙོན་ཁང་དུ་ནད་གཞི་ལྕི་མོ་ཞིག་གིས་མནར་ཏེ། སྨན་ཁང་དུ་ཉལ་དགོས་བྱུང་གི་ཡོད་ན་ཡང་། རྒྱ་ནག་གཞུང་གིས་ཁོང་ལ་སྨན་བཅོས་བྱེད་བཞིན་ཡོད་སྐོར་ལས་ནང་མི་ཚོར་ཐུག་འཕྲད་བྱེད་མི་བཅུག་པ་སོགས་ཀྱི་དཀའ་ངལ་ཤུགས་ཆེར་འཕྲད་བཞིན་ཡོད་པ། བོད་ཕྱི་ནང་གཉིས་ཀྱི་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པ་ཞིག་ནས་མུ་མཐུད་བརྗོད་དོན་ལ། ཐུབ་བསྟན་བློ་གྲོས་ལགས་འཛིན་བཟུང་རྗེས་རྒྱ་ནག་གཞུང་གིས་དམ་དྲག་རྐྱེན་གྱིས་ཁོང་གང་དུ་ཡོད་སོགས་ཡུན་རིང་ཤེས་རྟོགས་མེད་པར་ལྷག་ཡོད་ན་ཡང་། དེང་སྐབས་ཁོང་དར་རྩེ་མདོའི་བཙོན་ཁང་ཞིག་ཏུ་ཡོད་པ་ཤེས་རྟོགས་བྱུང་ཡོད་ཀྱང་། ཁོང་བཙོན་ཁང་དུ་ངལ་རྩོལ་ལ་བཀོལ་བ་དང་ཟས་གོས་དང་སྡོད་གནས་སོགས་ཡག་པོ་མེད་པའི་མནར་སྤྱོད་འོག་གཟུགས་གཞི་དང་མཆིན་པ་ནད་ཅན་དུ་བཏང་སྟེ་ཛ་དྲག་གི་གནས་སྟངས་འོག་ཡོད་པ་དང་། རྒྱ་ནག་གཞུང་གིས་ཁོང་ནད་གཞིའི་རྐྱེན་གྱིས་སྨན་བཅོས་བྱེད་བཞིན་ཡོད་སྐོར་ཙམ་ལས། སྨན་ཁང་གང་དུ་ཡོད་སོགས་ཞིབ་ཕྲའི་གནས་ཚུལ་གསལ་བཤད་གང་ཡང་བྱེད་ཀྱི་མེད་པ་འགྲེལ་བརྗོད་གནང་གི་འདུག
རྩོམ་པ་པོ་དང་ན་གཞོན་ཤེས་ཡོན་པ་ཐུབ་སྟན་བློ་གྲོས་ལགས་ནི། སེར་ཤུལ་རྫོང་རྫ་འབུམ་རྙིང་སྡེ་ནས་ཡིན་པ་དང་། ཁོང་ལ་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་ཕོག་གཞི་དང་མི་རིགས་ཆིག་སྒྲིལ་ལ་གནོད་པའི་རྩོམ་ཡིག་དཔར་འགྲེམས་བྱས་པའི་ཉེས་འཛུགས་འོག་འཛིན་བཟུང་བྱས་ཏེ། ཟླ་བ་དྲུག་རིང་འདྲི་རྩད་བཀག་སྐྱིལ་འོག་བཞག་རྗེས་ལོ་བཞི་དང་ཟླ་དྲུག་གི་བཙོན་མཇུག་ཁྲིམས་ཐག་བཅད་ཡོད་པ་མ་ཟད། རྗེས་སུ་ཁོང་གི་ནང་མི་ཚོར་རྒྱ་ནག་གཞུང་གིས་སུན་བཙེར་དང་། བུ་ཕྲུག་གཉིས་རྒྱ་ནག་གཞུང་གིས་སློབ་གྲྭར་ཡོང་མ་བཅུག་པར་ནང་དུ་ཉར་དགོས་བྱུང་བའི་གནས་ཚུལ་བྱུང་ཡོད་པ་རེད།
ཐུབ་བསྟན་བློ་གྲོས་ལགས་ནི་བོད་རྒྱ་དབྱིན་གསུམ་ལ་མཁྱེན་རྟོགས་ཡོད་པའི་བོད་མི་ན་གཞོན་ཤེས་ཡོན་པ་ཞིག་དང་། སྨྱུག་མིང་ལ་ས་བུ་ཆེ་ཡིན་པ་དང་། ཁོང་དེ་སྔ་སི་ཁྲོན་ཞིང་ཆེན་གྱི་པཎ་ཆེན་རིན་པོ་ཆེས་ཆེད་འཛུགས་གནང་བའི་སློབ་གྲྭ་ཞིག་ཏུ་སློབ་སྦྱོང་གནང་མྱོང་ཡོད་པ་དང་། ཁོང་ལ་རྒྱ་ནག་གཞུང་གིས་ལས་ཀའི་གོ་སྐབས་སྤྲད་ཡོད་ན་ཡང་། རང་དབང་གིས་རྩོམ་ཡིག་འབྲི་རྒྱུ་བདམས་ཏེ་ལས་ཀ་བྱས་མེད་པ་དང་། བོད་སྐད་ཡིག་གི་ཐོབ་ཐང་སོགས་ཀྱི་སྐོར་ནས་རྩོམ་ཡིག་བྲིས་པ་དང་། དབྱིན་ཡིག་ནས་སྒྱུར་བའི་ཨ་རིའི་རྒྱལ་གླུ་དང་། གནའ་རབས་ཏ་ཟིག་གི་སྙན་ངག་པ་ (Jalāl ad-Dīn Muhammad Balkhī) ཡི་སྙན་ངག་བོད་ཡིག་ཏུ་སྒྱུར་བ་སོགས་ཡོད་པ་རེད།
གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།